གྲོས་ཚོགས་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན།
མང་གཙོའི་ལས་འགན་དང་ཐོབ་ཐང་གཞིར་བཟུང་རང་གི་ཐོག་མ་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ཞེས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གསུངས་ཡོད་པ་རེད།
ཕྱི་ཟླ་༣ ཚེས་༢༧ ཉིན་སྟེ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོག་བཞིན་པའི་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་སྒེར་གྱི་གསལ་བཤད་ཡི་གེ་ཞིག་ཕུལ་ཡོད་པའི་ནང་འཁོད་དོན། ཕྱི་ལོ་༡༩༩༡ ལོར་གུས་རང་༧དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཐོག་མར་འདེམས་ཐོན་བྱུང་སྟེ་ལོ་དེའི་ཟླ་བ་༥་ཚེས་༢༩ ཉིན་ལས་ཁུར་དམ་འབུལ་ཞུས་པ་ཡིན། དུས་དེ་ནས་བཟུང་སྟེ་འདི་ལོའི་བར་མི་ལོ་ཧྲིལ་པོ་༢༢ མ་ཟིན་ཙམ་གྱི་རིང་གྲོས་ཚོགས་སུ་བསྟུན་མར་འོས་འདེམས་བྱུང་སྟེ་སྤྱི་དོན་ཐོག་ཞབས་ཕྱི་མི་དམན་ཙམ་ཞིག་བསྒྲུབས་ཡོད་ཁུལ་ཡིན། དུས་ཡུན་དེའི་ནང་སྤྱི་ལྷན་གྱི་ཚོགས་གཙོ་ཐེངས་གཉིས་དང་། བར་བརྒལ་དམ་འབུལ་ཚོགས་གཙོ་ཐེངས་གཅིག་ཀྱང་ཞུས་ཡོད།
གསལ་བཤད་ཀྱི་ཐོག་མར་གྲོས་ཚོགས་སུ་དོ་ནན་གྱིས་ཞུ་རྒྱུར། ཆོས་ཕྱོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་མཚུངས་ཟླ་མ་མཆིས་པ་དང་། གཞིས་བྱེས་བོད་མི་ཡོངས་ཙམ་མིན་པར་ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བླ་ན་མེད་པའི་དབུ་ཁྲིད་གཅིག་ཉིད་ཡིན་པ་ཡིད་གཉིས་མེད་པའི་ངོས་འཛིན་དང་། གུས་བརྩི། སྤྲོ་སེམས་འཁོལ་བའི་དད་མོས་བཅས་ཞུ་བཞིན་ཡོད་པ་དེ་ལ་དུས་ནམ་ཡང་འགྱུར་བ་ཡོང་མི་སྲིད།
ཆབ་སྲིད་ཀྱི་ཐོག་ནས།ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལྕི་བཟློག་མེད་ཕེབས་ཏེ་གང་ཉིད་ཀྱི་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་དབུ་ཁྲིད་ཀྱི་མཛད་འགན་ཡོངས་རྫོགས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་གནང་བཞེད་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་ཐེངས་༢༥ པའི་ཐོག་ནས་འགྱུར་བ་ཅི་ཆེ་ཞིག་སོང་ཡོད། དེ་ཐོག་ནས་ད་ཆ་༧གོང་ས་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆའི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མིན་ཁར་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་གནང་ཡང་མེད། གོང་གསལ་འགྱུར་བ་མ་སོང་སྔོན་གྲོས་ཚོགས་ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མགོན་པོ་གང་ཉིད་ནས་བོད་དོན་བདེན་མཐའ་གསལ་ཐབས་སླད་དབུ་མའི་ལམ་གྱི་སྲིད་བྱུས་ལམ་སྟོན་མཛད་པ་རང་གིས་མོས་མཐུན་མེད་ཀྱང་རྒྱབ་སྐྱོར་ཞུས་ཏེ་དེ་དང་འབྲེལ་བའི་གྲོས་ཚོགས་ཀྱི་སྔ་ཕྱིའི་གྲོས་ཆོད་རྣམས་སྤྱི་མོས་ཕྱིན་ཡོད། དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་གུས་བརྩི་ཡོད་པའི་ཐོག་ནས་ཅི་གསུངས་བཀའ་བསྒྲུབ་ཞུ་རྒྱུར་སྔ་རྗེས་དམ་བཅའ་ཕུལ་ཡོད་པར་བརྟེན་ནས་ཡིན།
ད་ཆ་གནས་སྟངས་མི་འདྲ་བའི་འོག་མང་གཙོའི་ལས་འགན་དང་ཐོབ་ཐང་གཞིར་བཟུང་རང་གི་ཐོག་མ་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་ཞུ་རྒྱུ། ལངས་ཕྱོགས་འདི་དག་གསལ་པོ་བཟོ་དགོས་པར་རྒྱུ་མཚན་གལ་ཆེ་གསུམ་ཡོད།
༡༽འདས་པའི་ལོ་ངོ་༦༤ རིང་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕར་ཞོག གདུག་རྩུབ་སོགས་ཀླ་ཀློའི་བྱ་སྤྱོད་ཇེ་ཞེན་ཇེ་སྡུག་ཏུ་བཏང་ནས་ད་ཆ་བོད་མི་ཚོས་རྒྱ་ནག་གཞུང་ལ་རེ་བ་རྒྱག་ཡུལ་རྩ་བ་ནས་མེད་པར་གྱུར་ཟིན་པ།
༢༽གོང་གསལ་རྒྱུ་མཚན་ལ་བརྟེན་བོད་ནང་གཞིས་བཞུགས་སྤུན་ཟླ་རྣམས་ནས་རང་ལུས་མེར་སྲེག་གཙོས་ཞི་བའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དམར་གཞུང་འོག་སྡོད་འདོད་མེད་པར་བོད་ལ་རང་དབང་རང་བཙན་དགོས་པའི་མངོན་འདོད་གསལ་པོར་སྟོན་བཞིན་པར་བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་རྒྱུ།
༣༽ཕྱི་ལོ་འདི་བཞིན་སྔོན་༡༩༡༣ ལོར་༧གོང་ས་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་བོད་རང་བཙན་གཙང་མའི་གནས་བབ་བསྐྱར་བསྣོན་གསལ་བསྒྲགས་མཛད་དེ་མི་ལོ་༡༠༠ འཁོར་བའི་རྩ་ཆེའི་དུས་ཚིག་ལ་གུས་བརྩི་དང། བཀྲིན་རྗེས་དྲན་ཞུ་རྒྱུ་བཅས་ཡིན།
གསལ་བཤད་འདི་གཞིས་བྱེས་བོད་མིའི་ཆིག་བསྒྲིལ་དང་། རྒྱལ་གཅེས་ལྷག་བསམ་གྱི་སེམས་ཤུགས་གོང་མཐོར་འཕེལ་ཏེ་བོད་ལ་རང་དབང་རང་བཙན་གཙང་མ་སླར་གསོ་ཐུབ་རྒྱུར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྨོན་འདུན་གདུང་ཤུགས་དྲག་པོས་ཞུ་རྒྱུ་ལགས་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།ཅེས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཁོང་སྒེར་གྱི་གསལ་བཤད་སྒྲོགས་སྦྱང་དང་འབྲེལ། ཁོང་གིས་བོད་མི་ཚོར་དགོས་པ་དེ་རང་དབང་རང་བཙན་རེད་བསམ་ནས་ད་ལྟའི་བར་རང་བཙན་གྱི་ལངས་ཕྱོགས་བཟུང་བ་ཡིན་སྐོར་ངོ་སྤྲོད་གནང་སོང་།
དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་འཐུས་སྒེར་གྱི་གསལ་བཤད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་གསལ་ལྟར་གནང་ཡོད་སྐོར་དང་འབྲེལ། ཁོང་གིས་དེའི་སྐོར་གསུངས་དོན། “དེ་རིང་སྤྱི་འཐུས་སྒེར་གྱི་གསལ་བཤད་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ད་བར་དུ་གྲོས་ཚོགས་ནང་རྒྱབ་སྐྱོར་བྱས་པ་དེ་རིང་ནས་ཕྱིར་འཐེན་ཡིན། དེ་གྲོས་ཚོགས་ནང་ངོས་འཛིན་གསལ་པོ་གནང་རོགས་ཞེས་གསུང་གི་ཡོད་པ་རེད། ༡༩༩༦ ལོ་ནས་གྲོས་ཚོགས་ནང་མང་མོས་འོས་བསྡུའི་ལས་དོན་དང་འབྲེལ་བའི་ཐོག་ནས་༡༩༩༧ ལོར་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཚོགས་ཡིག་ཆ། དེ་བཞིན་གྲོས་ཚོགས་སྔ་རྗེས་སུ་དབུ་མའི་ལམ་དང་འབྲེལ་བའི་ཐོག་ཡིག་ཆ་བཞག་པ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱོགས་བསྒྲིགས་བྱས་ཏེ། དེབ་བཏོན་པ་དེ་སྤྱི་འཐུས་སྒེར་གྱི་གསལ་བཤད་ཀྱི་ལམ་ནས་ནུས་མེད་གཏོང་ཐུབ་ཀྱི་མ་རེད། མ་འོངས་པར་ཡང་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་འགྱུར་བ་མ་སོང་བར་དུ་འགྱུར་བ་འགྲོ་རྒྱུ་ཡོད་པ་མ་རེད་”ཅེས་དབུ་མའི་ལམ་ལ་འགྱུར་བ་འགྲོ་བའི་བརྒྱུད་རིམ་ཡང་གྲོས་ཚོགས་ནང་གྲོས་འཆར་བཏོན་ཏེ་མང་མོས་འོས་བསྡུ་དགོས་སྐོར་གསུངས་སོང་།
ཚོགས་གཙོས་མུ་མཐུད་གསུངས་དོན། “སྤྱིར་བཏང་བཀའ་ཤག་དང་སྤྱི་འཐུས་ཀྱི་གསལ་བཤད་གང་ཡིན་ཡང་། གསལ་བཤད་གྲུབ་རྗེས་ལམ་ཁ་གསུམ་ཐོག་ལ་ཕེབས་དགོས་པ་རེད། དང་པོ་དེ་སྤྱི་འཐུས་ཀྱི་གྲོས་ཆོད་བཞག་སྟེ་བློ་ངེས་བྱུང་ཞེས་པ་དེར། ད་ཐེངས་བློ་ངེས་བྱུང་སོང་ཞེས་པ་གྲོས་ཚོགས་ཐོག་འཇོག་ཐབས་མེད་པ་དེ་ཚོགས་གཙོ་གཉིས་དང་། ལས་རིམ་ཚོགས་ཆུང་ནས་ཐག་གཅོད་བྱས་པ་ཡིན། གཉིས་པ་དེ་གསལ་པོ་མ་ཆགས་པ་ཞིག་གསལ་པོ་བཟོས་དགོས་པ་རེད། དེ་ཡང་གསལ་པོ་མ་ཆགས་པ་དང་། མ་གོ་བ་གང་ཡང་མི་འདུག་པས་དེ་དང་འབྲེལ་བ་མི་འདུག གསུམ་པ་གསལ་བཤད་དེའི་ཐོག་བགྲོ་གླེང་དགོས་པ་དེ་རེད། དེ་དེང་སྐབས་ཀྱི་གནས་བབས་དང་གང་ཅིའི་ཐོག་ནས་ཏག་ཏག་སྡོད་ཀྱི་མི་འདུག གལ་སྲིད་བགྲོ་གླེང་བྱས་ན་གྲོས་ཚོགས་ཀྱི་གནས་སྟངས་གང་དུ་སླེབས་ཀྱི་ཡོད་མེད་དང་། བོད་ནང་ཛ་དྲག་གི་གནས་སྟངས་ག་འདྲ་ཡོད་མེད་བཅས་ལ་གཞི་བཅོལ་བའི་ཐོག་ནས་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཀྱང་མི་དགོས་པ་མཐོང་སོང་”ཞེས་འགྲེལ་བརྗོད་གནང་སོང་།།