རྡ་སར་གཞུང་འབྲེལ་མཆོད་འབུལ།

དེ་རིང་དགོང་དྲོར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་ཟླ་བ་དབུ་བཞུགས་ཐོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ས་གནས་མང་ཚོགས་བཅས་མཉམ་འཛོམས་ཐོག་རང་ལུས་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་༤ པའི་སྟེང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་ཟླ་བ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་དང་ས་གནས་སེར་སྐྱ་མང་ཚོགས་བཅས་མཉམ་འཛོམས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེར་གཏོང་མཁན་སྤྱི་དང་། ལྷག་པར་དུ་ཉེ་ཆར་མདོ་སྨད་འཛམ་ཐང་ནས་སྐལ་སྐྱིད་དང་མདོ་སྨད་བསང་ཆུ་ནས་ལྷ་མོ་སྐྱབས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༢  ཕྱི་ཟླ་༤ པའི་ཚེས་༦ ཉིན་ར ང་ལོ་ ༤༥ ལ་སོན་པའི་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་དང་། རང་ལོ་༢༣ ཡིན་པའི་ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ཀྱིས་རང་ལུས་མེག་སྲེག་བཏང་ནས་འདས་གྲོངས་སུ་སོང་བ་རྣམས་དང་། དེ་དག་གི་ཤུལ་ལྷག་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་གཞུང་འབྲེལ་མཆོད་འབུལ་ཞིག་འཚོགས་སོང་།

མཆོད་འབུལ་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་གཏམ་བཤད་གནང་དོན། “ཉེ་ཆར་མདོ་སྨད་འཛམ་ཐང་ནས་སྐལ་སྐྱིད་དང་མདོ་སྨད་བསང་ཆུ་ནས་ལྷ་མོ་སྐྱབས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་རེད། གནས་ཚུལ་གཞན་ཞིག་ལ་བོད་ནང་ནས་རང་ལུས་མེར་སྲེག་གཏོང་སྟངས་སྣ་ཚོགས་ཀྱི་ཡོང་གི་ཡོད་པ་དང་། རྩ་བས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔ་ས་ནས་ཤེས་ཀྱི་ཡོད་ན་ཡང་། ད་རེས་ཁ་གསལ་པོ་ཆགས་པའི་ཐོག་ནས་རྣམ་པ་ཚོར་ཞུ་རྒྱུ། ཕྱི་ལོ་༢༠༡༢  ཕྱི་ཟླ་༤ པའི་ཚེས་༦ ཉིན་བོད་མདོ་ཁམས་དར་མདོ་རྫོང་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་ར ང་ལོ་ ༤༥ ལ་སོན་པའི་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་དང་། རང་ལོ་༢༣ ཡིན་པའི་ཁོང་གི་ཚ་མོ་བཙུན་མ་ཨ་ཚེ་གཉིས་ཀྱིས་རང་ལུས་མེག་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག ཁ་སང་གྲོས་ཚོགས་ཀྱི་ཉིན་དང་པོར་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་བཞག་ཡོད་རེད། སང་ཉིན་གྲོས་ཚོགས་ཀྱི་ཉིན་མཐའ་མིའི་སྐབས་སུ་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་འཇོག་རྒྱུ་ཡིན”་ཞེས་དང་།

ཡང་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཁག་ནས་བོད་དོན་དང་འབྲེལ་བའི་གྲོས་འཇོག་ཐུབ་པ་བྱུང་ཡོད་སྐོར་དང་། རྩ་བས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་དེ། རྒྱ་གཞུང་གིས་བོད་མིའི་ཐོག་བཟུང་བའི་དྲག་གནོན་སྲིད་ཇུས་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན། དེང་སྐབས་རྒྱལ་སྤྱིའི་ཐོག་ནས་ང་ཚོའི་བདེན་པ་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་ཡི་ཡོད་སྐོར། དེ་བཞིན་ང་ཚོའི་ངོ་ནས་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་དེ་དག་གྲངས་ཀར་མ་གྱུར་པ་བཟོ་དགོས་པ་གལ་ཆེན་པོ་ཆགས་ཡོད་པས། བོད་མི་ཚང་མས་འགན་མཉམ་ཁུར་གྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་བྱས་རྗེས་ནུས་མེད་དུ་མ་སོང་བ་བྱེད་དགོས་སྐོར་སོགས་གསུངས་སོང་།

བོད་ནང་རང་ལུས་མེར་སྲེག་གཏོང་མཁན་༡༡༣ བྱུང་ཡོད་པ་ལས་༩༥ འདས་གྲོངས་སུ་གྱུར་ཡོད་པ་རེད།