མོན་གྷོ་རུ་ས་འཐུས་ཚོགས་འདུ།
ཟླ་འདིའི་ཚེས་༢༦ ཉིན་ནས་ཚེས་༢༨་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་ས་གྲོས་ཚོགས་དུས་གཉིས་པ་དེ་ཉིད་གཞིས་གྲོང་གསུམ་པའི་ཉེ་འཁྲུས་ས་འཐུས་ཚོགས་ཁང་གསར་བའི་ནང་དུ་འཚོགས་ཡོད་པ་རེད།
ཚོགས་ཐོག་ཏུ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་རྣམ་གཉིས་གཙོས་ས་འཐུས་རྣམས་པ་དང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གི་གཙོས་གཞུང་དང་གཞུང་བྲེལ་མ་ཡི་་པའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀྱི་སྣེ་མོ་བ་ཡོངས་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་དང་ཕྱག་མཛོད་རྣམས་པའི་གཙོས་ཟུར་ཉན་རྣམས་པ་མཉམ་འཛོམས་གནང་ཡོད་པ་དང་།
དེ་ཡང་ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་གནང་བའི་ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་བསྒྲོན་འབུལ་གནང་གྲུབ་པ་དང་། ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་དང་། དེ་བཞིན་སྐུ་གཤེགས་དམ་པ་བོད་གཞུང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་བཅས་སུ་མྱ་ངན་རྗེས་དྲན་གྱི་གྲོས་འཆར་གྲོས་ཆོད་དང་འབྲེལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་སོང་།
དེ་ནས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱིས་གཏམ་བཤད་གནང་དོན། དེ་རིང་ཚོགས་འདུ་འདིའི་ཐོག་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཞོན་གཙོས་ས་འཐུས་ཚང་འཛོམས་ཕེབས་ཐུབ་པར་འཚམས་འདྲི་དང་བསྔགས་བརྗོད་ཡོད། རྩ་བས་ད་རེབ་ཀྱི་ཚོགས་དུས་གཉིས་པ་འདིར་ས་གནས་འགོ་འཛིན་ལས་ཁང་གི་ཁྱབས་ཁོངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་དང་འབྲེལ་བགྲོ་གླེང་གནང་རྒྱུ་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁང་གི་ཟླ་དྲུག་རིང་གི་རྩིས་སོང་དང་ལས་བསྡོམས་སྙན་སྒྲོན་བཅས་ཀྱི་ཐོག་ལ་བགྲོ་གླེང་དོགས་འདྲི་གནང་རྒྱུ་དེ་རེད།
དེ་ལས་གནད་འགག་ཆེ་བ་ཞིག་ལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས་སོགས་བོད་བསྟན་པ་ཆབ་སྲིད་དམ་བོད་སྤྱིའི་རྩ་དོན་དང་འབྲེལ་བའི་གྲོས་འཆར་གྲོས་ཆོད་ཁག་གི་ཐོག་ས་འཐུས་རྣམས་པས་འཇིག་ཞིམ་ཕྱོགས་ལྷུང་མེད་པར་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་བཞིན་ཡོད་ཅེས་དང་།
རྩ་བའི་སྐབས་འདིའི་ཚོགས་འདུའི་ལས་རིམ་གཙོ་བོ་སྔོན་རྩིས་སྐོར་ཡིན་པ་དང་། དེ་དང་མཉམ་དུ་རང་ལུས་མེར་བསྲེགས་སྐོར་གྱིས་མཚོན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ལ་རང་གཞུང་གིས་ལམ་སྟོན་བཀའ་ཕེབས་གཞིར་བཟུང་ཐོག་ས་གནས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་བྱེད་ཕྱོགས་དང་། བོད་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམ་གཤིས་བཅས་སུ་བདག་སྲུང་ཇི་ལྟར་བྱེད་དགོས་མིན།
དེ་བཞིན་ཆིག་སྒྲིལ་དང་ཆ་མཐུན་ཡོང་རྒྱུར་ནུས་པ་མཉམ་སྤུངས་ཀྱི་རྩ་དོན་སྒྲུབ་ཕྱོགས་བཅས་གྱི་ཐད་གྲོས་འཆར་གྲོས་ཆོད་ཁག་གི་ཐོག་ཉིན་གསུམ་རིང་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་སོང་།
ས་འཐུས་སྐབས་བརྒྱད་པའི་ཚོགས་དུས་གཉིས་པ་དེ་ཉིད་ཉིན་གསུམ་གྱི་རིང་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་གཉིས་དང་། སྐར་རྟགས་ཅན་ཅན་གྱི་དྲི་བ་གྲངས་༢༡ ཐུགས་྄སྣང་གཞེན་སྐུལ་གྲོས་འཆར་གྲངས ༢༨ གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་གཉིས་བཅས་ལས་རིམ་ཁག་ཡོངས་སུ་གཏན་འབེབས་ལེགས་གྲུབ་བྱུང་བ་ཙམ་དུ་མ་ཟད། མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་བརྒྱད་པའི་ཚོགས་དུས་གཉིས་པ་དེ་བཞིན་རྒྱལ་ཁའི་ངང་མཇུག་ཡོངས་སུ་གྲོལ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།