དབུ་མའི་ལམ་ལ་གྲུབ་འབྲས་ཐོན་པར་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད།
བོད་པ་ཚོར་དཔལ་འབྱོར་དགོས་ཀྱི་ཡོད་པས། ང་ཚོས་རང་བཙན་རག་གི་ཡང་མ་རེད་ལ། རང་བཙན་ཡིན་ལབ་ནས་སྐྱོ་བོ་བྱས་ནས་བསྡད་པ་ལས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་བསྡད་ནས་དཔལ་འབྱོར་ཡར་རྒྱས་ཡག་པོ་ཞིག་ཡོད་པ་བྱུང་ན་ཡག་པོ་ཡོད་སྐོར་གསུངས་འདུག
དེ་ཡང་ཉེ་ཆར་༧གོང་ས་མཆོག་གིས་འབྲས་ལྗོངས་ཁུལ་དུ་བདུན་ཕྲག་གཅིག་ལྷག་གི་མཛད་འཕྲིན་བསྐྱངས་པ་དང། ཕྱི་ཟླ་༣ ཚེས་༣༠ ཉིན་ས་ལུ་གྷ་རའི་ས་གནས་ཀྱི་མི་མང་ལ་དབུ་མའི་ལམ་གྱི་སྲིད་ཇུས་དང་དང་། རྒྱ་བོད་འབྲེལ་ལམ་སྐོར་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་མི་མང་ལ་ཁོང་ཆབ་སྲིད་ཀྱི་དབུ་ཁྲིད་ནས་དགོངས་པ་ཞུས་པའི་བརྒྱུད་རིམ་དང་། དགོས་པ་ངོ་སྤྲོད་གནང་བ་དང་འབྲེལ་གསུངས་དོན། བོད་ཀྱི་འཐབ་རྩོད་དེ་མི་རེ་ཟུང་གི་དོན་དག་མ་རེད། བོད་རྒྱ་ཆེའི་མི་མང་གི་བདེན་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གཙོ་བོ་རེད། སྔོན་མ་ནས་ངས་ནམ་རྒྱུན་འདི་ཟེར་གྱི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་གཏམ་བརྗོད་པ། རང་དབང་གི་ཐོག་ནས་གཏམ་བརྗོད་བྱེད་མཁན་ཞིག ང་གཏམ་བརྗོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྟག་པར་བཤད་ཀྱི་ཡོད། དེ་རེད་མ་གཏོགས་ང་གཞིས་ལུས་རྒྱ་ཆེའི་མི་མང་གི་འགོ་ཁྲིད་མཁན་གྱི་བཟོ་འདྲ་པོ། ཕར་བཀའ་གཏོང་མཁན་གྱི་བཟོ་འདྲ་པོ་ཞིག་ངས་སྔོན་མ་ནས་ངོས་འཛིན་བྱེད་ཀྱི་མེད། གཞིས་ལུས་རྒྱ་ཆེའི་མི་མང་གི་འདོད་པ་ག་རེ་ཡོད་པ། བོད་ནང་གི་དངོས་ཡོད་གནས་ཚུལ་ག་རེ་ཡོད་པ། དེ་དག་འགྲེལ་བཤད་རྒྱག་རྒྱུ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་འདུན་དེ་མི་ལ་འབོད་སྐུལ་བྱས་ནས་བཤད་རྒྱུ་དེ་ངའི་ལས་འགན་རེད། དེ་འདྲ་ཡིན་དུས་གང་ལྟར་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་དུས་ད་ལྟའི་བར་དུ་ཧ་ལས་པའི་སེམས་ཤུགས། སྙིང་སྟོབས་ཧ་ལས་པ་རེད་འདུག གཉིས་ནས་གཞིས་ལུས་རྒྱ་ཆེའི་མི་མང་ད་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཟེར་དུས། བོད་ས་དབུས། གཙང་། མདོ་སྟོད་འབྲུ་ཆུ་ཕན་ཆོད་ཚུན་ཆད་ཟེར་བ་ཞིག་ཆགས་ནས། དེ་འདྲ་ཞིག་གི་སྒང་ལ་བསྡད་ཡོད་པ་རེད།
དཱ་དེ་རིང་ཁ་སང་གི་དུས་ཚོད་ལ་དངོས་གནས་དྲང་གནས་མདོ་སྟོད་སྨད། དབུས་གཙང་། སྟོད། ཚང་མ་ལ་གོང་བུ་གཅིག་གྱུར་གྱི་བསམ་བློ་དེ་ཧ་ལས་པའི་ཤུགས་ཆེན་པོ་འདུག་ཨཱ། ཧ་ལམ་ད་སྔ་དུས་རབས་བདུན་པ། བརྒྱད་པ། དགུ་པ་དེ་ཚོའི་ཆོས་རྒྱལ་ཚོའི་སྐབས་ལ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་ཆོས་རྒྱལ་གཅིག་གི་བཀའ་འབངས་བྱས་ནས་དེ་ལྟར་བསྡད་ཡོད་རེད། དེ་ཧ་ལམ་དུས་རབས་དགུ་པ་ནས་གང་ལྟར་བོད་སིལ་བུ་ཆགས་པའི་རྗེས་ལ་ཧ་ལམ་ཁ་འཐོར་བའི་བཟོ་འདྲ་པོ་ཞིག་རེད། ཆོས་དང་རིག་གཞུང་གི་ཐོག་ནས་གཅིག་གྱུར་ཞིག་བསྡད་ཡོད་པ་རེད་མ་གཏོགས། གཞན་ཧ་ལམ་ཆབ་སྲིད་ཀྱི་ཐོག་ནས་རྦད་དེ་བོད་སིལ་བུར་ཆགས་ནས་གང་ལྟར་ཧ་ཅང་གི་ཉམས་དམའ་མོ་ཆགས་འདུག་ཨཱ། དེ་རིང་ཁ་སང་གི་དུས་ཚོད་དེར། ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་འོག་ནས་བོད་རིགས་གཅིག་གྱུར་དེ་ཧ་ལས་པ་རེད་འདུག དེ་ནས་མི་རིགས་ཀྱི་ཞེན་ཁོག སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དང་དོད། དོ་སྣང་ཡོད་བསྡད་པ་ཞིག དེ་འདྲ་ཡིན་དུས། ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོ་ཡིན་ནའང་། འདས་པའི་ལོ་ ༥༠ ང་གྲངས་ཤིག་ཕྱིན་པ་རེད། ང་ཚོ་དཀའ་ངལ་མང་པོ་ཞིག་གི་འོག་ནས། ང་རང་ཚོ་ཚང་མས་སོ་སོའི་སྙིང་སྟོབས་དང་ལྷག་བསམ་བརྟན་པོ་བྱས་ནས་བསྡད་ནས། དཀའ་ངལ་གདོང་ལེན་གྱི་ཐོག་ནས་དུས་ད་ལྟ་ང་རང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་ང་རང་ཚོས་འགྲེལ་བཤད་རྒྱག་དགོས་པ་མི་འདུག བོད་པ་ལ་རྒྱུས་ཡོད་མཁན། བཙན་བྱོལ་བ་ལ་ལྟ་རྟོག་བྱེད་མཁན་མི་མང་པོ་ཞིག་གིས་དེ་ཟེར་སྡོད་ཀྱི་འདུག དེ་དག་གཙོ་བོ་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས། དེ་ནས་དཀའ་ངལ་དང་ལེན་བྱས་པའི་འབྲས་བུ་རེད། དེ་རིང་འདིར་ཡོད་བསྡད་པའི་ཁྱེད་རང་ཚོ་ཀ་རྡོར་སྒང་གསུམ་བྱས་ནས། ས་ཁུལ་འདིར་ཡོད་པའི་བོད་པ་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་ལྟའི་བར་དུ་ཚང་མས་ཧུར་ཐག་འབད་བརྩོན་ཞེ་དྲགས་ཡག་པོ་བྱས་སོང་། དེ་འདྲ་ཡིན་དུས་ཁྱེད་ཚང་མ་ལ་དངོས་གནས་རང་། སྙིང་ཁུངས་རུས་པའི་གཏིང་ནས་ཁྱེད་ཚོས་ཧུར་ཐག་བྱས་པ་དེ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་མཁན་ཞིག་ཆགས་བསྡད་ཡོད་རེད། ཐུགས་རྗེ་ཆེ།
དཱ་དེ་ནས་འབྱུང་འགྱུར་ང་རང་ཚོ་བོད་ཀྱི་དཀའ་ངལ་དེ་སེལ་བའི་ཐབས་ལམ་ཕྱི་ལོ་ ༡༩༧༤ ནས་རང་རྒྱལ་གཞན་ཕམ་ཟེར་བ་དེ་མེད་པ་བྱས་ནས། རྒྱ་ནག་གཞུང་ལ་ཡིན་ནའང་ལྟ་རྒྱུ་ཡོད་པ། ང་ཚོ་བོད་པ་ལ་ཡིན་ནའང་ལྟ་རྒྱུ་ཡོད་པ་དེ་འདྲ་ཞིག་གི་གཉིས་ཕན་དབུ་མའི་ལམ་ཟེར་བ་དེ་འདྲ་ཞིག ཕྱི་ལོ་ ༡༩༧༤ ལོ་ལ་ང་ཚོས་གཏན་ཁེལ་བ་རེད། ཕྱི་ལོ་ ༡༩༧༨ ཀྱི་ལོ་མཇུག ༧༩ ལོ་ལ་ཏིང་ཞོ་ཕེང་དང་ཐད་གར་འབྲེལ་བ་ཞིག་བྱུང་བ་རེད། ཏིང་ཞོ་ཕེང་གིས་དབུ་ཁྲིད་པའི་རྒྱ་ནག་གཞུང་དང་ཐད་གར་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་བ་རེད། དེ་དུས་ང་ཚོའི་ངོས་ནས་གཉིས་ཕན་ཟེར་བའི་ལམ་ཁ་ཞིག་ལོ་ཁ་ཤས་གོང་ནས་གཏན་གཙང་མ་ཁེལ་ཡོད་པ་ཡིན་དུས། རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་རྒྱུ་དེ་ཞེ་དྲག་བདེ་པོ་རེད། ད་ལྟའི་བར་དུ་རྒྱ་ནག་སྤྱི་ཡོངས་ཀྱི་སྲིད་ཇུས་ཁོ་རང་ཕྱི་ལོ་༡༩༨༠ གྱ་གྲངས་ནང་ནས་མང་གཙོའི་ལས་འགུལ་རྒྱ་ནག་ནང་ལ་སླེབས་ཡོང་དུས། རྒྱ་ནག་གཞུང་གིས་མཁྲེགས་སུ་བཏང་ནས། སྲིད་ཇུས་མཁྲེགས་པོ་ཞེ་དྲག་ཅིག་བཟུང་བ་ཡིན་དུས། སྤྱི་ཡོངས་ཀྱི་སྲིད་ཇུས་མཁྲེགས་པོ་དེའི་འོག་ནས་བོད་པའི་ཐོག་ལ་ཡིན་ནའང་མཁྲེགས་པོ་བྱེད་རྒྱུ་ཞིག་ཆགས་པ་རེད། གཞན་ཧུའུ་ཡང་ཕང་ཡོད་པའི་ཁ་ཐུག་ལ་ཡིན་ན། དངོས་གནས་དྲང་གནས་རེ་བ་ཆེན་པོ་ཞེ་དྲག་ཡོད་རེད། དེ་ནས་ཧུའུ་ཡང་ཕང་ལས་མེད་སྒང་ལ་ཕར་བཞག་པ་དེ་འདྲ་བྱས། མཇུག་ལ་ཀྲའོ་ཙི་ཡང་ཡང་མ་བྱུང་བ་རེད། དེ་འདྲ་ཞིག་གི་ཐོག་ནས་གང་ལྟར་ང་ཚོར་ལམ་འགྲོ་མེད་པའི་བཟོ་འདྲ་པོ་ཞིག་གིས། གང་ལྟར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱས་ནས། གཞུང་གིས་འབྲེལ་བ་བྱས་ནས་གྲུབ་འབྲས་གང་ཡང་བྱུང་ཡོད་པ་མ་རེད། དེ་དང་ཆབས་ཅིག་བོད་ནང་ལ་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་སྔ་ཕྱིར་གྱེན་ལངས་ཀྱི་གནས་ཚུལ་འདྲ་པོ། ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་ཆགས་ཡོང་དུས། དེ་ནས་དྲག་གནོན་བྱས་ནས། དེ་འདྲ་ཞིག་གི་གནས་ཚུལ་ཆགས་ནས་ད་ལྟ་གནས་ཚུལ་སྐྱོ་པོ་ཞིག་ཆགས་བསྡད་ཡོད་རེད། ཡིན་ནའང་འདས་པའི་ལོ་མང་པོ་ཞིག་ཕྱིན་པ་རེད། ཧ་ལམ་ལོ་ཉི་ཤུ་སུམ་ཅུ་ཕྱིན་ཡོད་པ་རེད།
ལྷག་པར་དུ་༢༠༠༨ ཀྱི་གནས་ཚུལ་བྱུང་བའི་རྗེས་ནས་རྒྱ་མི་མང་པོ་ཞིག་ལ་ང་ཐུག་གི་ཡོད་པ་རེད། རྒྱ་མི་ཤེས་ཡོན་ཅན། ཧ་ལམ་སློབ་ཕྲུག་སྟོང་ཕྲག་ཁ་ཤས་ལ་ང་ཐུག་ཡོད་རེད། ཨ་མི་རི་ཀ་དང། ཡོ་རོབ་དེ་འདྲ་ལ་སློབ་སྦྱོང་བྱེད་མཁན་རྒྱ་མི་སློབ་ཕྲུག་མང་པོ་ཞིག་ལ་ང་ཐུག་ཡོད་རེད། དེ་ནས་རྒྱ་མི་ཤེས་ཡོན་ཅན་དངོས་རང་སྐད་གྲགས་ཡོད་པའི་ཤེས་ཡོན་ཅན་མང་པོ་ཞིག་ང་ལ་ཐུག་ས་ཚུར་ཡོང་གི་ཡོད་རེད། དུས་དུས་ལ་ང་ཚོས་ཆེད་མངགས་ཚོགས་འདུ་འདྲ་པོ་འཚོགས། དེ་འདྲ་བྱེད་ཀྱི་ཡོད་པ་རེད། བྱས་ཙང་རྒྱ་མི་ཤེས་ཡོན་ཅན། དེ་ནས་སློབ་ཕྲུག་དེ་ཚོའི་ནང་ལ་ང་ཚོའི་དབུ་མའི་ལམ་ཟེར་བའི་གནས་ཚུལ་དེའི་རིགས་ཁ་ཤས་འགྲེལ་བཤད་རྒྱག་དུས། གཞི་ནས་གནས་ཚུལ་དེ་ཤེས་ནས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག མདོ་དོན་སྙིང་པོ་ང་ཚོའི་དབུ་མའི་ལམ་ཟེར་བ་དེར་རྒྱ་རིགས་རྒྱབ་སྐྱོར་བྱེད་མཁན་དེ་ཧ་ཅང་ཤུགས་ཆེན་པོ་རེད། ཕར་ཆེར་ན་ནིང་ཡིན་པ་ཡོད། ང་ལ་རྒྱ་མི་ཞིག་གིས་པེ་ཅིང་ནས་རྒྱ་ཡིག་ལག་པས་བྲིས་བཞག་པ་ཞིག་འབྱོར་བྱུང། ཁོ་ཤེས་ཡོན་ཅན་ཞིག་རེད་འདུག དེའི་ནང་ལ་ད་སྔ་ཡན་ལ་ཏཱ་ལའི་བླ་མ་ཟེར་དུས་ཆོས་ཀྱི་དབུ་ཁྲིད་ཅིག་རེད་དེ། ཆབ་སྲིད་ཀྱི་ཐོག་ནས་ཁ་བྲལ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རི་བོ་རྩེ་ལྔ་ལ་ཁོ་གནས་སྐོར་ལ་ཕྱིན་པ་ཡིན། དེ་དུས་རྒྱ་གར་ནས་དགེ་འདུན་པ་གནས་སྐོར་ལ་སླེབས་པ་རྒྱ་སྐད་ཡག་པོ་ཤེས་མཁན་ཞིག་ལ་ཐུག་སོང་། དེས་ཏཱ་ལའི་བླ་མའི་རྒྱ་བོད་ཀྱི་དཀའ་ངལ་སེལ་བ་ལ་དབུ་མའི་ལམ་ཟེར་བ་དེ་འགྲེལ་བཤད་བརྒྱབ་དུས། ཏཱ་ལའི་བླ་མས་རྒྱ་བོད་གཉིས་ཀྱི་དཀའ་ངལ་སེལ་ཐབས། གཉིས་ཕན་གྱི་ཐབས་ལམ་བཏོན་བཞག་པ་དེར་རྒྱ་ནག་མི་མང་བརྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་ཡི་གེ་དེར་འབྲིས་འདུག དེ་དངོས་ཡོད་གནས་ཚུལ་འདྲ་པོ་ཞིག་རེད། གང་ལྟར་རྒྱ་མི་མང་པོ་ཞིག་ལ་ང་ཐུག་གི་ཡོད་རེད། ཚང་མས་དབུ་མའི་ལམ་ཟེར་བ་དེ་ལ་ཧ་ཅང་གིས་མོས་པ་བྱས་ནས། དེ་རྒྱ་ནག་རང་ལ་ཡིན་ནའང་ཕན་ཐོགས་ཡོད་བསྡད་པ་ཞིག་རེད་འདུག་ཟེར་ནས། ཧ་ཅང་དགའ་པོ་བྱེད་ཀྱི་འདུག གཞུང་རིམ་པའི་ཆ་ནས་རྒྱ་ནག་གཞུང་གིས་འགུལ་སྐྱོད་འདྲ་པོ་ཞིག་བརྒྱབ་ཡོད་པ་མ་རེད་དེ། མི་མང་གལ་ཆེན་པོ་རེད་དམ། གཞུང་གལ་ཆེན་པོ་རེད་ལབ་ན་མི་མང་གལ་ཆེན་པོ་རེད། མང་གཙོ་གཅིག་སྡུད་ཀྱི་ནང་ལ་ཡང་གཞུང་དེ་ཁ་ཚ་པོ་ཞིག་ཡོད་རེད་དེ། ཡིན་ནའང་ཕུགས་རྒྱང་རིང་པོའི་ཆ་ནས་མི་མང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ང་ཚོའི་གཉིས་ཕན་དབུ་མའི་ལམ་ཟེར་ནས་ལབ་བསྡད་པ་དེ་ཡིས་རྒྱ་ནག་མི་མང་ནང་ཤེས་ཡོན་ཅན་ཧ་ཅང་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཡོང་གི་ཡོད་རེད། དཔེར་ན་ལེའུ་ཤའོ་པོ་འདྲ་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད། ཨ་མི་རི་ཀར་སླེབས་བསྡད་པའི་མང་གཙོ་དོན་གཉེར་བ་མང་པོར་ཐུག་གི་ཡོད་རེད། ཚང་མས་ཧ་ཅང་གིས་དགའ་མོས་དང་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནས་གཙོ་ཆེ་ཤོས་ཤིག་བོད་ནང་གི་བོད་རིགས་སྤུན་ཟླ་ཤེས་ཡོན་ཅན། རྩོམ་འབྲི་བ་དང་། དེ་བཞིན་སྒྱུ་རྩལ་མཁན། སློབ་དགེ་དེ་འདྲ་མང་པོ་ཞིག་ལ་ང་ཐུག་ཡོད་པ་རེད།
སེམས་ཀྱི་ནང་ལ་རང་བཙན་ཟེར་ནས་ང་ཚོའི་བོད་པ་ཚང་མའི་བློ་ལ་ཡོད་རེད་དེ། ད་ང་ཚོས་འགྲུབ་པ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། ད་ལྟ་དཀའ་ངལ་དེ་སེལ་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་གཉིས་ཕན་དབུ་མའི་ལམ་ཟེར་བ་དེ་རྒྱུ་མཚན་ལྡན་པ། རྒྱ་མི་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། ང་ཚོར་སྐད་ཆ་བཤད་རྒྱུ་ཡོད་པ་ཞིག་ལ་ཧ་ཅང་ཡག་པོ་འདུག་ཟེར་ནས་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་འདུག བོད་ནང་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལ་ཐུག་ཡོད་པ་རེད། རང་བཙན་སྒང་ལ་འགྲོ་དགོས་ཟེར་མཁན་སུ་གཅིག་ཀྱང་མི་འདུག ཐོབ་ཐང་ང་ཚོར་ཡོད་རེད། དུས་རབས་བདུན་པ་བརྒྱད་པ་དགུ་པ་དེ་ཚོའི་སྐབས་ལ་ཧ་ཅང་གསལ་པོ་རེད། ང་རང་ཚོའི་ཆོས་རྒྱལ་ཚོའི་སྐབས་ནས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཟེར་ནས་གསུང་སྡོད་ཀྱི་ཡོད་རེད། ང་ཚོ་སྐད་དང་གོམས་གཤིས་མ་འདྲ་བ་རེད། མི་རིགས་དང་རིགས་རུས་མ་འདྲ་བ་ཆགས་བསྡད་ཡོད་རེད། ཡིན་ནའང་འཛམ་བུ་གླིང་འགྱུར་བ་འགྲོ་སྡོད་ཀྱི་ཡོད་རེད།
དེ་རིང་ཁ་སང་རྒྱ་ནག་ལ་ཆ་བཞག་ན་སྐུ་མདུན་སྐུ་གོང་མ་བཙན་བྱོལ་ནང་ནས་བོད་ལ་ཕྱིར་ཕེབས་གནང་བའི་ཁ་ཐུག་དེར། རྒྱ་ནག་གོང་མ་མེད་པ་ཆགས། དེ་ནས་རྒྱ་ནག་གི་གསར་བརྗེ་འགོ་འདྲ་པོ་གཞི་ནས་ཚུགས་པའི་ཁ་ཐུག་བྱས་ནས། སྐུ་མདུན་སྐུ་གོང་མ་རང་གི་ཞལ་གདམ་བཀའ་སློབ་ནང་ལ་ལྟག་ཆུ་ཆད་པའི་རྫང་བུ་ནང་བཞིན་ཆགས་པ་རེད་ཅེས་གསུངས་འདུག་པ་དེ་རེད། ད་ལྟ་ལྟག་ཆུ་ཆད་པའི་རྫང་བུ་ནང་བཞིན་རེད་མི་འདུག་གཱ ཁ་སང་དེ་རིང་ང་ཚོའི་རིགས་ཁ་ཤས་ཀྱིས་སྐུ་མདུན་སྐུ་གོང་མས་དེ་འདྲ་གནང་བ་རེད། སྐུ་ཕྲེང་བཅུ་བཞི་པས་ཏོག་ཙམ་འཇོན་གྱི་མི་འདུག་མདོག་མདོག་བཤད་ཀྱི་འདུག་ཨཱ། དེ་བསམ་བློ་ཏན་ཏན་གཏོང་དགོས་པ་རེད།
དེ་འདྲ་ཡིན་དུས་རང་བཙན་ང་ཚོར་ཐོབ་ཐང་ཡོད་རེད། ཡོད་རེད་དེ་ད་ལྟ་ང་ཚོ་བོད་ནང་ལ་ཛ་དྲག་གི་གནས་ཚུལ་ཆགས་བསྡད་ཡོད་རེད། སྐད་ཡིག་མ་འདྲ་བ་ཡོད་པ་རེད། རིག་གཞུང་མ་འདྲ་བ་ཡོད་པ་རེད། གོམས་གཤིས་མ་འདྲ་བ་རེད། དེ་དག་རིམ་པས་རིམ་པས་ང་ཚོས་གཉིས་ཕན་གྱི་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། དཔེར་ན་ངས་ནམ་རྒྱུན་རྒྱ་མི་ལ་ལབ་ཀྱི་ཡོད། རྒྱ་གར་ལ་ལྟོས་དང་། རྒྱ་གར་ཤར། རྒྱ་གར་ལྷོ། རྒྱ་གར་ནུབ། རྒྱ་གར་བྱང་། སྐད་མ་འདྲ་བ་རེད། ཡི་གེ་མ་འདྲ་བ་རེད། ཁ་བྲལ་འགྲོ་བའི་ཉེན་ཁ་ཡོད་པ་མ་རེད། ཚང་མ་ལ་ཐོབ་ཐང་འདྲ་མཉམ། དེ་ནས་ཁྲིམས་ཀྱི་དབང་བསྒྱུར། མང་གཙོ་རང་དབང་ཞིག་ཡོད་པ་ཡིན་དུས་ཁ་བྲལ་འགྲོ་བའི་ཉེན་ཁ་གང་ཡང་མི་འདུག བོད་ཀྱི་སྐད་མ་འདྲ་བ་རེད། ཡི་གེ་མ་འདྲ་བ་རེད། ཡིན་ནའང་ཁྱེད་རང་ཚོས་བོད་པ་ལ་དངོས་གནས་རང་སྤུན་ཟླ་མི་རིགས་ཅེས་ལབ་པ་ནང་བཞིན་གྱི་བརྩི་བཀུར་བྱས། བརྩེ་བ་བྱས། ཐོབ་ཐང་འདྲ་མཉམ་སྤྲད་པ་ཡིན་ན་ང་ཚོ་བོད་པས་ཀྱང་བསམ་བློ་གཏོང་གི་རེད། ང་ཚོས་རྒྱ་ཆེ་ས་ནས་ཁེ་ཕན་ལ་བསམ་བློ་གཏོང་དགོས་ཀྱི་རེད་ཅེས། མཚམས་མཚམས་ལ་ངས་གསལ་པོ་བྱས་ནས་བཤད་ཀྱི་ཡོད། དེ་རིང་ཁྱེད་རང་ཚོར་ངས་ཅིག་ལབ་སྙིང་སྤྲོ་སོང་།
ང་ཚོ་བཙན་བྱོལ་བའི་ནང་དང་། བོད་ནས་ཡོང་མཁན་དེ་འདྲ་རྒྱ་གར་ལ་ཡོང་ནས་ཟླ་བ་ཁ་ཤས་ཤིག་བསྡད། དེ་ནས་ཨ་མི་རི་ཀ་ལ་མཆོང་འགྲོ་གི་འདུག ཡོ་རུབ་ལ་མཆོང་འགྲོ་གི་འདུག དེ་ཚོས་ཆོས་དོན་གཉེར་བྱས་ནས་ཨ་མི་རི་ཀ་ལ་འགྲོ་ཡི་ཡོད་པ་མ་རེད། ཡོ་རུབ་ལ་འགྲོ་ཡི་ཡོད་མ་རེད། སྒྲོ་ལར་དོན་གཉེར་བྱས་ནས་འགྲོ་གི་ཡོད་པ་རེད། བྱས་ཙང་ང་ཚོ་བོད་པ་ཚོར་སྒྲོ་ལར་དགོས་ཀྱི་འདུག་ཨཱ། དངུལ་དགོས་ཀྱི་འདུག་ཨཱ། དཔལ་འབྱོར་དགོས་ཀྱི་འདུག་ཨཱ། དེ་འདྲ་ཡིན་དུས་ང་ཚོས་རང་བཙན་རག་གི་ཡང་མ་རེད་ལ། རང་བཙན་ལབ་ནས་སྐྱོ་བོ་བྱས་ནས་བསྡད་པ་ལས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་བསྡད་ནས་དཔལ་འབྱོར་ཡར་རྒྱས་ཡག་པོ་ཞིག་ཡོད་པ་བྱུང་ན། དེ་ནས་ཚུར་ཕྱོགས་ལ་ང་རང་ཚོའི་སྐད་ཡིག ཆོས་དང་རིག་གཞུང་དེ་དག་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ཡག་པོ་ཞིག་བྱེད་ཐུབ་པ་དང་། ལྷག་པར་དུ་རྒྱ་ནག་ནང་ལ་དེ་རིང་ཁ་སང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན། དད་པ་བྱེད་མཁན་མི་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་བར་ལ་བཤད་ཀྱི་འདུག དེ་རིང་ཁ་སང་དྷ་རམ་ས་ལར་ཧ་ལམ་བདུན་ཕྲག་རེ་རེའི་ནང་ལ་རྒྱ་ནག་སྐམ་ས་ཆེན་མོ་ནས་ནང་པ་བཅུ་ཉི་ཤུ་རེ་ཡོང་སྡོད་ཀྱི་འདུག དེ་དག་མང་ཆེ་བར་ང་ཚོ་ཐུག་པའི་སྐབས་ལ་ངུས་ནས་རྒྱ་ནག་གི་ནང་པ་ཚོ་མ་བརྗེད་པ་གྱིས་ཟེར་ནས་བཤད་ཀྱི་འདུག འདི་གར་བཀའ་ཆོས་གལ་ཆེ་བ་དེ་རྒྱ་མའི་སྐད་སྒྱུར་བྱས་པའི་ཁ་ཐུག་ལ་རྒྱ་ནག་ལ་དཀའ་ངལ་ཡོད་རེད་དེ། དཔེར་ན་ན་ནིང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་ལ་ཁྱེད་རང་ཚོས་ཕལ་ཆེར་མཐོང་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་མི་སྟོང་ཕྲག་ལྷག་ཅིག་སླེབས་སོང་། དེ་འདྲ་ཡིན་དུས་གང་ལྟར་དངོས་གནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་སྔ་མོ་ཡིན་ནའང་རྒྱ་ནག་གོང་མ་ཡང་མང་པོ་ཞིག་བོད་ཀྱི་ཆོས་དང་རིག་གཞུང་གིས་ཡིད་འཕྲོག་ནས། ནང་པ་བྱེད་མཁན་བྱུང་ཡོད་པ་རེད། བོད་ཀྱི་ཆོས་བྱེད་མཁན་བྱུང་ཡོད་རེད། མ་འོངས་པ་ཡིན་ནའང་རྒྱ་མི་མང་པོ་ཞིག་ནང་པའི་ཆོས་ལ་དོ་སྣང་ཡོད་པ་དང་། དེའི་ནང་ཚན་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཡོད་པ། དེ་རིང་ཁ་སང་ཡིན་ནའང་བོད་ཀྱི་ནང་ཆོས་ལ་དགའ་པོ་བྱེད་མཁན་མང་པོ་འདུག དེ་འདྲ་ཡིན་དུས་ང་རང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་། དཔལ་འབྱོར་དེ་དག་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་རེད། དེ་ནས་ང་ཚོར་ཁེ་ཕན་ཡོང་ཐོབ་པ་ཞིག བོད་པ་རང་ཉིད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་བྱས་པ་ཙམ་དུ་མ་ཟད། རྒྱ་ནག་ནང་གི་རྒྱ་མི་ནང་པ་བྱེད་མཁན་ས་ཡ་བརྒྱ་ཕྲག་ཡོད་བསྡད་པ་དེ་ཚོའི་གྲས་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་བ་ཡིན་ན། བསྟན་པ་ལའང་ཕན་པ་རེད། མི་སྒེར་པ་སོ་སོ་ལ་ཡང་ཕན་གྱི་ཡོད་རེད། གཉིས་ཕན་རེད། དེ་འདྲ་ཡིན་དུས་ད་ལྟ་ང་ཚོས་དབུ་མའི་ལམ་ཟེར་བསྡད་པ་དེའི་རྨང་གཞིའི་ཐོག་ནས་གྲུབ་འབྲས་དངོས་གནས་དྲང་གནས་ཐོན་བསྡད་ཡོད་རེད། དེ་ཁྱེད་རང་ཚོས་ཤེས་དགོས་རེད། ཤེས་སོང་ངམ།
ད་ལྟ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ནས་གྲུབ་འབྲས་ཐོན་མ་སོང་ཟེར་བའི་སྐད་ཆ་དེ་དཔེ་མཚོན་གཅིག་རེད་མ་གཏོགས། ཡོངས་ཀྱི་གནས་ཚུལ་དེ་བཤད་ཀྱི་ཡོད་པ་མ་རེད། ཡོངས་ཀྱི་གནས་ཚུལ་དེ་མཚོན་ཐུབ་ཀྱི་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་མི་མང་གི་རིམ་པའི་སྒང་ནས་ང་ཚོར་གྲུབ་འབྲས་ཧ་ཅང་ཡག་པོ་སོན་ཡོད་རེད། གང་ལྟར་ང་ཚོས་དབུ་མའི་ལམ་ཟེར་ནས་ལབ་པ་ཡིན་ན། རྒྱ་ནག་གཞུང་གི་ངོས་ནས་ཏོག་ཙམ་བསམ་བློ་གུ་ཡངས་ཤིག་བཏང་བ་ཡིན་ན། ང་ཚོས་འདིར་འབྲེལ་བ་བྱེད་རྒྱུ་བདེ་ཐག་ཆོད་བསྡད་ཡོད་པ་རེད། ང་ཚོས་འདིར་རང་བཙན་ཟེར་ནས་ལབ་པ་ཡིན་ན། འབྲེལ་བ་བྱེད་རྒྱུའི་སྒོ་དེ་ང་ཚོའི་ངོས་ནས་བརྒྱབ་པ་རེད། ཤེས་སོང་ངམ།
རྒྱ་མིས་ཚུར་འབྲེལ་བ་བྱེད་འདོད་བྱུང་ན་ནའང་། ང་ཚོའི་ངོས་ནས་སྒོ་དེ་བརྒྱབ་པ་ནང་བཞིན་ཆགས་པ་རེད། དེ་ཚོར་བསམ་བློ་གཟབ་གཟབ་གཏོང་དགོས་རེད། ད་ཁྱེད་རང་ཚོ་ཀ་རྡོར་སྒང་གསུམ་གྱི་བོད་རིགས་ཚོར་ང་ཚོའི་སྤྱི་བའི་དོན་དག་ལ་ཚང་མ་ལ་འགན་ཡོད་རེད། ང་རྩ་བས་རྒས་ཡོལ་ཕྱིན་ཚར་པ་རེད་དེ། ཡིན་ནའང་ང་བོད་པ་ཞིག་རེད། བོད་པའི་ནང་ནས་ཨ་མདོ་བ་ཞིག་རེད། ད་སྔོན་དགའ་ལྡན་ཕོ་བྲང་འོག་ལ་བསྡད་མྱོང་ཡོད་པ་མ་རེད་ད། (བཞད་མོ་གནང་། ) གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ལ་ཡིད་ཆེས་ཀྱི་ཡོད་པ་རེད། བློ་ཁེལ་གྱི་ཡོད་རེད། ང་ཚོ་བྱེས་ཀྱི་རྒྱ་ཆེའི་མི་མང་ཚོ་ཡིན་ནའང་ང་ལ་ཡིད་ཆེས་ཀྱི་ཡོད་རེད། བློ་ཁེལ་གྱི་ཡོད་རེད། དེ་འདྲ་ཡིན་དུས་ང་ལ་ལས་འགན་ཞིག་ཡོད་རེད། ཁྱེད་རང་ཚོས་ང་ཚོ་འདུ་འཛོམས་ཡོད་ས་འདིར་བོད་ཀྱི་གནས་ཚུལ། གཞི་རྩའི་གནས་སྟངས་ཞུས་ན་བསམ་པ་དྲན་སོང་། ཁྱེད་རང་ཚོས་དེ་དགོངས་པར་བཞེས།
གང་ལྟར་རྒྱ་ནག་ལོ་དྲུག་བཅུ་ལྷག་ཅིག་གི་རིང་ལ་འགྱུར་བ་ཞེ་དྲགས་ཕྱིན་པ་རེད། དེ་རིང་ཁ་སང་གི་རྒྱ་ནག་དེ་ལོ་སུམ་ཅུ་བཞི་བཅུའི་གོང་ལ་བལྟས་ན་ཧ་ཅང་འགྱུར་བ་ཕྱིན་པ་རེད། རྒྱ་ནག་ནང་ལ་ཡང་ག་ལ་གང་འཚམས་ཀྱི་གཏམ་བརྗོད་རང་དབང་འདུག ང་ཚོ་བོད་པ་དེ་འདྲས་རྒྱ་ནག་ནང་ལ་སླེབས་དུས་ཧ་ཅང་རང་དབང་འདུག བོད་ཀྱི་ས་ཁུལ་ལ་སླེབས་དུས། ལྷག་པར་ལྷ་སར་སླེབས་དུས་ཧ་ཅང་དམ་དྲག་བྱེད་ཀྱི་འདུག་ཟེར་ནས་བཤད་ཀྱི་འདུག བྱས་ཙང་རྒྱ་ནག་ལ་འགྱུར་བ་འགྲོ་སྡོད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་བོད་པའི་གནས་ཚུལ་དེ། ད་ལྟའི་གནས་སྟངས་དེ་རྒྱ་རྒྱ་ངོ་ཚ། བོད་བོད་སྡུག་བསྔལ། གཉིས་ཀ་ལ་གནོད་པ་ཞིག་ལས་གང་ཡང་མི་འདུག རྒྱུ་མཚན་ལྡན་པ་ཞིག་གི་སྒང་ནས་རྒྱ་ནག་ལ་བསམ་བློ་བཏང་ན། རྒྱ་ནག་ལ་ཕན་གྱི་རེད། ང་ཚོ་བོད་པ་ལ་ཡང་ཕན་གྱི་རེད། བྱས་ཙང་ང་ཚོའི་དབུ་མའི་ལམ་ཟེར་བ་དེ་གཉིས་ཕན་སྒང་ལ་འགྲོ་གི་ཡོད་དུས་གང་ལྟར་མ་འོངས་པར་དེའི་ཐོག་ནས་ཏན་ཏན་གྲུབ་འབྲས་སོན་གྱི་རེད་བསམ་པ་ཞིག དེ་ལ་ང་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་ཡོད། ཤེས་སོང་ངམ། དེ་ཁྱེད་རང་ཚོས་བློ་ལ་ངེས་པ་གྱིས། དེ་ཀ་ཡིན། བཀྲ་ཤིས་བདེ་ལེགས།