མཐོ་སློབ་ཁག་ལ་ལྟ་ཞིབ་དང་སློབ་ཡོན་སྲིད་ཇུས་ངོ་སྤྲོད།

tselha_2013_3_29ཕྱི་ཟླ་༣ ཚེས་༢༩ ནས་ཉིན་གསུམ་རིང་བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་གྱི་རྒན་ཚེ་ལྷ་རྒྱ་གར་ལྷོ་ཕྱོགས་མེ་སཱོར་གྲོང་ཁྱེར་ཏུ་ཕེབས་ནས། བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཙོས་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ལ་ཤེས་རིག་ལས་ཁུསང་གི་ཤེས་ཡོན་སྲིད་ཇུས་གསར་པ་དང་། བཙན་བྱོལ་བོད་ཀྱི་གཞི་རྩའི་ཤེས་ཡོན་ལྟ་གྲུབ་སོགས་ངོ་སྤྲོད་གནང་ཡོད་པ་རེད།

དེ་བཞིན་ས་གནས་དེའི་མཐོ་སློབ་ཁག་ལ་གཟིགས་སྐོར་ལྟ་ཞིབ་གནང་བ་དང་། མཐོ་སློབ་ཁག་གི་སློབ་སྤྱི་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཐུག་འཕྲད་ཀྱིས། བོད་ཀྱི་མཐོ་སློབ་སློབ་མ་རྣམས་ཀྱི་ཉིན་རེའི་འཚོ་བ་དང་། སློབ་སྦྱོང་གི་གནས་སྟངས། བོད་ཀྱི་མཐོ་རིམ་སློབ་མ་ཁག་གི་སློབ་ཡོན་དང་བྱ་སྤྱོད་གཙོས་པའི་ལས་རིམ་སོགས་ཀྱི་སྐོར་ལ་གླེང་མོལ་གནང་ཡོད་པ་རེད།

tselha1_2013_3_29འབྲེལ་ཡོད་མཐོ་སློབ་ཁག་གི་གནད་ཡོད་མི་སྣ་ཚོས་ཁོང་ལ་སྣེ་ལེན་གང་ལེགས་ཞུས་པ་དང་། བོད་རིགས་མཐོ་སློབ་སློབ་མ་རྣམས་ཀྱི་སྦྱངས་འབྲས་དང་བྱ་སྤྱོད་གཙོས་གནས་ཚུལ་མང་པོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། མཐོ་སློབ་རང་ངོས་ནས་བོད་རིགས་སློབ་མ་རྣམས་ཀྱི་དགོས་མཁོ་དང་བསྟུན། མཐུན་རྐྱེན་དང་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཁོང་ཚོས་ད་ཐེངས་བཙན་བྱོལ་བོད་མིའི་ཤེས་རིག་ལྷན་ཁང་ནས་ལས་བྱེད་ཆེད་གཏོང་བྱས་ནས་བོད་རིགས་མཐོ་རིམ་སློབ་མ་རྣམས་ལ་དངོས་སུ་ལྟ་ཞིབ་བྱེད་པར་ཕེབས་པར་དགའ་བསུ་དང་ཡི་རངས་ཞུས་པ་མ་ཟད། ཐེངས་འདིར་འབྲེལ་ཡོད་ལས་བྱེད་དང་དངོས་སུ་གྲོས་བསྡུར་བྱུང་པར་སྤྲོ་པོ་གནང་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་ཀྱི་ཤེས་རིག་ལས་ཁུངས་དང་མཐོ་སློབ་དབར་འབྲེལ་འཐུད་ཡག་ཏུ་འགྲོ་རྒྱུར་ཕན་སྐོར་གསུངས་ཡོད་པ་རེད།

རྒན་ཚེ་ལྷ་ད་ཐེངས་ཁོང་ཉིད་འདི་གར་ཕེབས་ནས་བོད་པའི་མཐོ་སློབ་སློབ་མ་རྣམས་ལ་ནམ་རྒྱུན་གོ་ཐོས་བྱུང་མེད་པའི་བོད་ཀྱི་ཤེས་ཡོན་དང་སློབ་ཡོན་སྲིད་ཇུས་གསལ་པོ་ཆགས་ཡོད་པ་མ་ཟད། བོད་རིགས་མཐོ་རིམ་སློབ་མ་མང་པོར་རང་ཉིད་སློབ་མཐར་ཕྱིན་རྗེས། བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་སུ་ལས་ཀ་བྱེད་རྒྱུའི་སེམས་ཤུགས་སྤྲད་སོང་ཞེས་སློབ་མ་མང་པོས་གསུང་གི་འདུག།

རྒན་ཚེ་ལྷ་ས་གནས་འདི་གར་མ་ཕེབས་ཀྱི་གོང་དུ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷན་ལོར་ལ་ཕེབས་སྟེ། དེ་བཞིན་ལས་རིམ་བརྩམས་ཡོད་པ་དང་། ཚེས་༣༡ཉིན་དགོང་མོར་མེ་སཱོར་བོད་རིགས་མཐོ་སློབ་སློབ་མ་རྣམས་མཉམ་འཛོམས་ཐོག་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།།

གསར་གྱུར་མཁོ་གཏོང་བ་མེ་སཱོར་ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།