བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ།

motor_cycle_from_mudgod1

ཟླ་འདིའི་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་གྲོང་བརྒྱད་པའི་ན་གཞོན་དྭངས་བླང་པ་མི་གྲངས་༡༣ གྱི་བོད་དོན་དྲིལ་བསྒྲགས་ཆེད་དུ་སྦག་སྦག་སྐྱོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པ་དང་། རྒྱ་གར་མ་ཧ་ར་ཤི་ཌ་(MAHARASHTRA)མངའ་སྡེའི་ས་གནས་ཁག་༢༥ ཙམ་གྱི་ནང་སྐོར་བསྐྱོད་བྱེད་འཆར་ཡོད་པ་རེད།

དེ་ཡང་ཐོག་མར་ཉིན་འདིའི་ཞོགས་པ་མོན་གྷོ་ནོར་བུ་རི་རྩེར་བསངས་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་པ་དང་། ས་གནས་གཞིས་ལས་ཁང་གི་མདུན་ཐང་དུ་ཚང་འཛོམས་ཐོག མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ས་གནས་རང་བདེན་ཚོགས་གཙོ་བློ་བཟང་ཕན་བདེ་གཉིས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཁག་གཅིག་གིས་མཇལ་དར་བསྒྲོན་འབུལ་སོགས་ཕེབས་སྐྱེལ་བྱས་ཡོད་པ་རེད།

motor_cycle_from_mudgod1

སྐབས་དེར་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་བློ་བཟང་དཔལ་ལྡན་ལ་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་སྐོར་ལ་གསར་འགོད་པས་བཅར་འདྲི་ཞུས་པར།  ཁོང་གིས་“ན་ནིང་ལོར་རྒྱ་གར་ཀ་ཎ་ཌ་མངའ་སྡེའི་ནང་གི་ས་ཁུལ་༩༢ གཉིས་ཙམ་གྱི་ནང་བོད་དོན་དྲིལ་བསྒྲགས་སམ་ངོ་སྤྲོད་ཆེད་དུ་ང་ཚོ་སོང་བ་རེད།   བརྒྱུད་རིམ་དེའི་ནང་ཕན་འབྲས་གང་འཚམས་ཤིག་ཐོན་སོང་དྲན་སོང།  དེར་བརྟེན་ད་ལོ་ཡང་ངོ་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་མ་ཧ་ར་ཤི་ཌ་(MAHARASHTRA)མངའ་སྡེའི་ས་གནས་ཁག་༢༥ ཙམ་གྱི་ནང་ལས་འགུལ་སྤེལ་རྒྱུ་ཡིན། ཀེ་ལོ་མིས་ཊར་༣༥༠༠ ཙམ་གྱི་ནང་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འདི་སྤེལ་རྒྱུ་ཡིན་”ཞེས་གསུངས་སོང་།

motor_cycle_from_mudgod2

ལས་འགུལ་དེ་སྤེལ་དགོས་པའི་དམིགས་ཡུལ་དོན་ཚན་གསུམ་དང་འབོད་སྐུལ་དོན་དྲུག་ཡོད་པའི་  ༡༽ བོད་ནང་༢༠༠༩ ནས་ད་ལྟའི་བར་བོད་བསྟན་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་།  ང་ཚོ་ཚང་མ་མཉམ་དུ་ཡོད་ཅེས་མཚོན་ཆེད་ཡིན།    ༢༽ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་འགུལ་ཞིག་སྤེལ་མིན་སྒུག་མི་སྡོད་པར།    སོ་སོའི་འཇོན་ནུས་དང་བསྟུན་པའི་བོད་སྤྱིའི་རྩ་དོན་ཆེད་ལས་འགུལ་གང་ཐུབ་སྤེལ་རོགས་ཞེས།   རྒྱ་གར་གྱིས་མཚོན་ཕྱི་རྒྱལ་རང་དབང་ལུང་པའི་ནང་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གཞོན་སྐྱེས་ཚོར་འབོད་སྐུལ་ལམ་དྲན་གསོ་ཞུ་ཆེད་དུ་ཡིན།  ༣༽ གསུམ་པ་དེ་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་ཐད་འཛམ་གླིང་གི་བློ་གཟུ་བོར་གནས་པའི་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་རོགས་ཞེས་འབོད་སྐུལ་དང་གནས་སྟངས་དེ་ངོ་སྤྲོད་བཅས་ཀྱི་ཆེད་དུ་ཡིན་པ་རེད།
དེ་བཞིན་དབྱིན་ཇི་དང་ཧིན་དྷི་གཉིས་ཐོག་འབོད་སྐུལ་དོན་ཚན་དྲུག་འགྲེམས་བཀྲམ་ཡོད་པའི་ནང་འཁོད་དོན།    ༡ རྒྱ་ནག་གཞུང་ནས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་གཏིམ་སྤྱོད་ཀྱིས་བོད་མི་ཚོར་རང་ལུས་མེར་སྲེག་གི་གནས་སུ་འཕེན་བཞིན་ཡོད་པ་མཚམས་འཇོག་དགོས་པ།   ༢ བོད་ནང་གི་དགོན་སྡེ་དང་སློབ་གྲྭ་ཚོས་མཚོན་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོ་མཚམས་འཇོག་དགོས་པ།    ༣  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་ཆུང་ཞིག་བོད་ནང་དུ་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་ཆེད་བསྐྱོད་ཆོག་པ་བྱེད་དགོས།  ༤  པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མྱུར་གློད་བགྲོལ་དགོས་པ།   ༥   རྒྱལ་སྤྱིའི་དྲང་བདེན་གྱི་དབུ་ཁྲིད་རྣམས་པས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་པའི་ཛ་དྲག་གི་གནས་སྟངས་དང་དངོས་ཡོད་དཀའ་ངལ་སོགས་གསལ་བཤད་ཀྱིས་བོད་མིའི་རེ་འདོད་མངོན་འགྱུར་དང།   ལྷག་པར་དུ་བོད་མི་ཚོའི་ཚེ་སྲོག་སྐྱོབས་ཐབས་བྱེད་རོགས།  ༦ མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་དབུས་གཞུང་ལ་བོད་ནང་གི་དྲག་ཆས་དམག་དཔུང་ཕྱིར་འཐེན་དང་།   གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོད་ཐབས་གནོན་ཤུགས་སྤྲོད་རོགས་བཅས་ཀྱི་འབོད་སྐུལ་བྱས་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།