རྒྱ་ནག་གི་སྲིད་འཛིན་གསར་པ། རྨི་ལམ་ཡོད་པའི་མི་ཞིག
རིན་ཆེན་དབང་རྒྱལ་གྱིས་དབྱིན་ཡིག་ལས་བསྒྱུར།
རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕིང་གིས་ཁོ་ལ་རྨི་ལམ་ཞིག་ཡོད་པ་དང་། རྨི་ལམ་དེ་ལ་ཀྲུང་གོའི་རྨི་ལམ་ཟེར་བ་ཡིན་ཟེར།
ཤི་ཅིན་ཕིང་གིས་ཉེ་དུས་གཟའ་འཁོར་འགའ་ཞིག་གི་གཏམ་བཤད་ལས་བསྟན་པ་ལྟར་ཁོས་སྲིད་འཛིན་བྱེད་པའི་དམིགས་ཡུལ་ནི་རྒྱ་ནག་གི་མི་རིགས་བསྐྱར་དར་གྱི་སྣེ་འཁྲིད་དེ་ཀྲུང་གོའི་དབང་ཆ་འཛམ་གླིང་དུ་བསྐྱར་གསོ་བྱ་རྒྱུ་དེ་ཡིན་ཟེར།
སྐུ་ཞབས་ཤི་ཅིན་ཕིང་རྒྱ་ནག་རྒྱལ་ཁབ་ཀྱི་ཆེས་མཐོའི་དཔོན་པོ་ཆགས་པར་བརྟེན།ཁོ་ནི་སའི་གོ་ལའི་སྟེང་གི་སྟོབས་ཤུགས་ཆེས་ཆེར་ལྡན་པའི་མི་སྣ་ཞིག་ཏུ་གྱུར་ཟིན་པ་དང་།རྒྱལ་ཁབ་ཕྱི་ནང་གཉིས་སུ་ཡོད་པའི་མི་ས་ཡ་མང་པོའི་ལས་དབང་ལ་འགྱུར་བ་གཏོང་ཐུབ་པའི་སྟོབས་ཤུགས་དང་།ཀྲུང་གོའི་ལོ་རྒྱུས་འཕོ་འགྱུར་གཏོང་ཐུབ་པའི་སྟོབས་ཤུགས་ཀྱང་ལྡན་ཡོད།འོ་ན།ཁོ་ལ་ཀྲུང་གོའི་ལོ་རྒྱུས་འཕོ་འགྱུར་གཏོང་བའི་བསམ་བློ་ཡོད་དམ།གལ་ཏེ་ཡོད་ཚེ་ཇི་ལྟར་བྱས་ཏེ་འགྱུར་བ་གཏོང་དགོས་སམ།ཁོའི་ཀྲུང་གོའི་རྨི་ལམ་གྱི་གོ་དོན་ཅི་ཞིག་ཡིན་ནམ།
རྒྱ་ནག་ནི་ད་དུང་ཆབ་སྲིད་དམངས་གཙོ་ཅན་མིན་པར་ཚོགས་པ་གཅིག་གྱུར་ཅན་དང་དབང་ཆ་གཅིག་སྡུད་ཀྱི་ངོ་བོར་གནས་ཡོད།མི་མང་ཚོགས་ཁང་ཆེན་མོ་རུ་འཐུས་མི་སྟོང་ཕྲག་གསུམ་གྱིས་ཤི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་དུ་འོས་འདེམས་བྱས་ཤིང་།འཐུས་མི་གཅིག་རེ་ཡིས་མི་མང་སྟོང་ཚོ་བཞི་བཅུ་རེའི་སྐུ་ཚབ་བྱས་ཏེ་སྲིད་འཛིན་འོས་འདེམས་ཀྱི་ཆ་ཤས་བླངས་པ་རེད།
སྐུ་ཞབས་ཤི་ཅིན་ཕིང་གི་སྟོབས་ཤུགས་ངོ་མ་ནི་དེ་རིང་འགོ་འཛུཊ་བྱས་པའི་སྲིད་འཛིན་གྱི་གོ་གནས་ལས་བྱུང་བ་མིན་པར།ན་ནིང་སྤྱི་ཟླ་བཅུ་གཉིས་པར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དམག་སྤྱི་ཆེན་མོ་གཉིས་སུ་བསྐོ་བཞག་བྱས་པ་ལས་བྱུང་བ་ཡིན།
དེར་བརྟེན།ཁོས་སྲིད་འཛིན་གྱི་གོ་གནས་ཐོབ་པར་མང་ཚོགས་ཁྲོད་ལས་འགུལ་རྩོམ་དགོས་བྱུང་མེད་ཅིང་།ཆབ་སྲིད་ཀྱི་བསྒྲགས་གཏམ་ཀྱང་སྤེལ་མེད།ཐ་ན་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིས་ཇུས་འཛིན་སྟངས་དེ་བས་ཀྱང་གསལ་སྟོན་བྱས་མེད།འོན་ཀྱང་།ཁོའི་རྨི་ལམ་ནི་ཀྲུང་གོ་འཕེལ་རྒྱས་ཅན་དང་།སྟོབས་ཤུགས་ཅན་ཏུ་བསྒྱུར་ཏེ་སླར་ཡང་འཛམ་གླིང་ལ་ཐེངས་གཅིག་ངོམ་ཐུབ་རྒྱུ་དེ་ཡིན་པར་བཤད་ཡོད།
ཤི་ཅིན་ཕིང་གིས་ཀྲུང་གོའི་རྨི་ལམ་གཏམ་བཤད་ལ་རྒྱབ་སྐྱོར་འཚོལ་ཕྱིར་ཉེ་དུས་གཟའ་འཁོར་འགའ་ཞིག་ལ་མང་ཚོགས་ཀྱི་དོ་སྣང་ཆེས་ཆེར་སླེབས་སའི་རྒྱ་ནག་གི་ས་ཁུལ་དམིགས་བསལ་ཅན་འགའ་གཟབ་ནན་སྒོས་བདམས་ཏེ་ལྟ་སྐོར་དུ་སོང་ཞིང་།བརྙན་འཕྲིན་གསར་ཁང་ཁག་གིས་ཁོའི་ལྟ་སྐོར་དེ་གསར་འགྱུར་གྱི་ནང་དོན་གཙོ་བོར་བཞག་སྟེ་ཁྱབ་བསྒྲགས་བྱས་པ་རེད།
ལྟ་སྐོར་དང་པོ་དེ་ནི་རྒྱ་ནག་གི་ལྷོ་ཕྱོགས་སུ་ཡོད་པའི་ “དམིགས་བསལ་ཅན་གྱི་དཔལ་འབྱོར་ཁོར་ཡུག” སྟེ་རྒྱ་ནག་གི་དཔལ་འབྱོར་གསར་བརྗེ་ཐོག་མ་འགོ་འཛུགས་སའི་མངའ་སྡེ་ཧྲེ་ཀྲན་དུ་བྱས་པ་རེད།ལྟ་སྐོར་དེས་སྐུ་ཞབས་ཤི་ཅིན་ཕིན་ནི་དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་བྱས་ཀྱང་ཆབ་སྲིད་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་ཏིང་ཞོ་ཕིན་དང་འདྲ་བར་བསྒྱུར་བཅོས་ཀྱི་བསམ་བློ་ཡོད་པའི་མི་ཞིག་ཏུ་མཐོང་དུ་བཅུག་པ་རེད།
དེ་ནས་ཁོས་རྒྱ་ནག་གི་དབུལ་པོ་ས་ཁུལ་པེ་ཅིང་ཉེ་འགྲམ་གྱི་ཧེ་བྷེ་མངའ་སྡེ་རུ་ཡོད་པའི་རི་སྟེང་གྲོང་གསེབ་དང་།གཱ་སུན་གྱི་ནུབ་ཕྱོགས་སུ་ཡོད་པའི་རློན་གཤེར་དང་བྲལ་བའི་གྲོང་གསེབ་གཉིས་ལ་ལྟ་སྐོར་དུ་སོང་བ་རེད།
ཁོས་ཞིང་པ་ཚོའི་ཁྱིམ་དུ་སོང་སྟེ་ཡུལ་མི་དང་མཉམ་དུ་གླེང་མོལ་བྱེད་བཞིན་ཁོ་ཚོའི་ཟ་མ་ལ་བྲོ་བ་བལྟས་པའི་གནས་ཚུལ་རྣམས་པར་བརྒྱབ་པ་རེད།སྐབས་དེའི་ལྟ་སྐོར་དེས་ཤི་ཅིན་ཕིང་ནི་ “མི་མང་གི་མི” སྟེ་དབུལ་པོ་ཉམས་ཐག་རྣམས་ལ་སེམས་ཁུར་བྱེད་མཁན་གྱི་མི་ཞིག་ཡིན་པ་མཐོང་དུ་བཅུག་པ་རེད།
རྒྱ་ནག་འབྱོར་ཕྱུག་ཅན་དུ་འགྱུར་བ་དང་མཉམ་དུ་དབུལ་ཕྱུག་གི་ཧེ་བག་དང་།དཔོན་རིགས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱེད་པའི་གནད་དོན་ལྷག་པར་བརྟེན་དམར་ཤོག་ཚོགས་པས་ཚོགས་པའི་སྣང་བརྙན་ལ་དོགས་ཟོན་བྱེད་དགོས་པའི་དུས་ལ་སླེབས་ཡོད།
དམར་ཤོག་ཚོགས་པས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཉེན་ཁ་འཕྲད་བཞིན་ཡོད་པ་ཤེས་ཏེ།ཤི་ཅིང་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་ཅན་དུ་བསྒྱུར་ཕྱིར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཁས་ལེན་བྱས་པ་རེད།
མཇུག་ཏུ་ཤི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆིག་སྒྲིལ་དཔུང་དམག་ལའང་ལྟ་སྐོར་དུ་སོང་བ་རེད།དེས་ནི་ཤི་ཅིན་ཕིང་གི་རྨི་ལམ་གྱི་ཆ་ཤས་གཅིག་དེ་རྒྱ་ནག་གི་དཔུང་དམག་ལ་སྟོབས་ཤུགས་བསྐྲུན་རྒྱུ་དེ་ཡིན་པ་བསྟན་ཡོད།
ཁོས་དྲག་པོའི་དཔུང་དམག་ལ་བཤད་དོན།ཁྱོད་ཚོས་ངེས་པར་དུ་ཏང་གི་དམ་བཅའ་ལ་ཁ་ཞེ་གཉིས་མེད་ཀྱིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་པ་དང་།རྒྱ་ནག་གི་དཔུང་དམག་ནི་གཞུང་གི་བཏང་འཛིན་འོག་ཏུ་མེད་པར་ཏང་གི་བཀོལ་བྱུས་འོག་ཏུ་ཡོད་པ་དང་།དེའི་ལས་འགན་གཙོ་བོ་ནི་གུང་ཁྲན་ཏང་གི་སྲིད་ཇུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡིན་ཟེར་ཞེས་བཤད།
‘ཉེན་ཚབས་ཅན་གྱི་ནོར་འཁྲུལ།’
སྐུ་ཞབས་ཤི་ཅིན་ཕིང་ནི་གུང་ཁྲན་ཏང་གི་གསར་བརྗེའི་སྣེ་ཁྲིད་མཁན་ཞིག་གི་བུ་ཡིན་པ་དང་ “རྒྱ་ནག་གི་རྒྱལ་སྲས” ཟེར་བའི་ཁྲོད་ཀྱི་གཅིག་ཡིན། ཁོ་ནི་རྒྱུ་ནོར་དབང་ཐང་ལྡན་པའི་ཁྱིམ་རྒྱུད་ཀྱི་བུ་ཡང་ཡིན། ཤི་ཅིན་ཕིང་ཕུད་པའི་ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཁྲོད་ད་དུང་ “རྒྱལ་སྲས” མང་དུ་ཡོད།ཁོ་ཚོས་ཕ་ཤུལ་བུ་འཛིན་གྱིས་རང་ཉིད་ཀྱི་མཚན་གནས་རྒྱས་པའི་སྤོབས་པ་ཡོད་ལ།དམར་ཤོག་ཚོགས་པའི་རྒྱུད་འཛིན་པ་དང་དམར་ཤོག་ཚོགས་པའི་གསར་བརྗེའི་སྣེ་ཁྲིད་མཁན་ཀྱང་ཁོ་ཚོ་ཡིན།
འོན་ཀྱང་།ཤི་ཅིན་ཕིང་གི་ཉེ་འབྲེལ་དང་དེ་མིན་གྱི་དཔོན་རིགས་ཀྱི་གོ་གནས་ལྡན་པའི་ཁྱིམ་ཚང་མང་པོ་ཞིག་ཉེ་བའི་ལོ་ངོ་ཁ་ཤས་ནང་ཕྱུག་བདག་ཅན་དུ་གྱུར་ཡོད་པ་དང་།བྷ་ལོམ་བྷར་གསར་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན་ཤི་ཅིན་ཕིང་ཁྱིམ་ཚང་གིས་ཨ་སྒོར་ས་ཡ་མང་པོ་གནས་པའི་རྒྱུ་དངོས་གསོག་སྒྲུབ་བྱས་ཡོད་ཟེར།
དབུལ་ཕྱུག་གི་ཧེ་བག་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱེད་ཚེ་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཀྱི་རྒྱུ་དངོས་ལ་དོ་ཕོག་སོང་སྟེ་དཀའ་ངལ་ཆེ་རུ་འགྲོ་བ་བཤད་མི་དགོས་པ་ཡིན།
དེར་བརྟེན།ཤི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་གསར་པར་ལངས་པའི་རྨི་ལམ་གཏམ་བཤད་ཀྱི་གལ་ཆེའི་ནང་དོན་རྣམས་མང་ཚོགས་ཁྲོད་དུ་སྤེལ་བའི་གཏམ་བཤད་ལས་ཤེས་མི་ཐུབ་པར་དེ་ལས་ལྡོག་སྟེ་ཧྲེ་ཀྲན་དུ་དམར་ཤོག་ཚོགས་མི་སྒེར་ལ་སྤེལ་བའི་གཏམ་བཤད་ལས་ཤེས་ཐུབ།
རྒྱ་ནག་གི་ཆབ་སྲིད་རྟོག་ཞིབ་པ་དང་རྩོམ་པ་པོ་གཱ་ཡུ་ཡིས་ཤི་ཅིན་ཕིང་གི་གཏམ་བཤད་ལས་ལུང་འདྲེན་བྱས་ཏེ་བཤད་དོན། “ཤི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ཉེན་ཚབས་ཀྱི་ནོར་འཁྲུལ་གང་དུ་ཡོད་པ་གསལ་པོ་ཤེས་ཡོད།”ཅེས་ཟེར།
རྒྱ་ནག་གི་དཔལ་འབྱོར་ལ་དོན་དངོས་ཀྱི་བསྒྱུར་བཅོས་བྱེད་དགོས་པ་ནི་འཕེལ་རྒྱས་བརྟན་པོ་དང་།འདྲ་མཉམ།ཁོར་ཡུག་ལ་གནོད་སྐྱོན་ཉུང་དུ་གཏོང་དགོས་པ་དེ་ཡིན་མོད།འོན་ཀྱང་། རྒྱ་ནག་ལ་དབུལ་ཕྱུག་ཧེ་བག་གི་སྒོ་ཕྱེ་ཟིན་པ་རེད།གཱ་ཡུ་ཡིས་བཤད་དོན་ “དཔལ་འབྱོར་བསྒྱུར་བཅོས་ཀྱི་ཁེ་ཕན་ཡོད་མཁན་རྣམས་ནི་རྩ་བའི་ཆ་ནས་གཞུང་འཛིན་མི་སྣ་རྣམས་ཡིན།སྒོར་མོ་རྣམས་གཞུང་འཛིན་མི་སྣ་དང་ཕྱུག་བདག་ཅན་རྣམས་ལ་འབབ་བཞིན་ཡོད་པ་ལས།ཁོར་ཡུག་སྲུང་སྐྱོབ་དང་།སྤྱི་ཚོགས་བདེ་འཇགས།སྨན་བཅོས་དང་།ཤེས་ཡོན་གྱི་ཕྱོགས་སུ་མཐུན་རྐྱེན་སྦྱོར་གྱི་མེད།” ཅེས་ཟེར།
“ང་ཚོའི་གཞུང་འཛིན་མི་སྣས་ལྐོག་ཟ་རུལ་སུངས་ཇི་ལྟར་བྱེད་བཞིན་ཡོད་པ་དང་མི་མང་རྣམས་ཁོང་ཁྲོ་ཅི་ཙམ་ལངས་ཀྱི་ཡོད་མེད་ནི་རྒྱལ་སྤྱིའི་སྟེང་ཡོངས་གྲགས་སུ་གྱུར་ཡོད་པ་དང་།མི་འགྱང་བར་མི་མང་གིས་སེམས་གཏིང་ནས་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲིད་བྱུས་ལ་ཡིད་ཆེས་བརླག་པ་ནི་བཤད་མི་དགོས་པ་ཡིན།འདི་ནི་ཤི་ཅིན་ཕིང་གིས་ཐག་གཅོད་བྱེད་དགོས་པའི་གལ་ཆེའི་གནད་དོན་ཞིག་ཏུ་གྱུར་ཡོད།”
གཱ་ཡུ་ཡིས་བསྐྱར་དུ་བཤད་དོན་ཤི་ཅིན་ཕིང་གིས་བཤད་པའི་བསྒྱུར་བཅོས་ནི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཟེར་བ་མིན།དེའི་རྒྱུ་མཚན་ནི་ཁོས་དམར་ཤོག་ཚོགས་མི་རྣམས་ལ་རང་ཉིད་སྒེར་གྱི་གཏམ་བཤད་བྱེད་སྐབས་གསལ་པོ་བཤད་ཡོད་པ་སྟེ།“མི་འགའ་ཞིག་གིས་ང་ཚོས་བསྒྱུར་བཅོས་ཟེར་བ་དེ་ནུབ་ཕྱོགས་པའི་ཡོངས་ཁྱབ་རིན་ཐང་ལྟ་ཚུལ་ཏེ་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་གོ་བ་བླངས་ཡོད།དེ་ནི་ང་ཚོའི་བསྒྱུར་བཅོས་ལ་ལྐོག་གཡོ་ཡི་ཐེ་ཇུས་བྱེད་འདོད་ཀྱི་བསམ་བློ་ཡོད་པ་དང་གོ་ནོར་ཐེབས་པ་ཁོ་ན་ཡིན།”ང་ཚོའི་བསྒྱུར་བཅོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཟེར་བ་དེ་ཡིན།
དེར་བརྟེན།གཱ་ཡུ་ཡིས་ཤི་ཅིན་ཕིང་ལ་འཆར་སྣང་མི་འདྲ་བ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།“ཤི་ཅིན་ཕིང་གི་ཆབ་སྲིད་ཀྱི་འཆར་སྣང་ནི་གཞུང་དེ་དགེ་མཚན་ལྡན་ཅིང་ཕྱི་གསལ་ནང་གསལ་ཞིག་བཟོ་དགོས་པ་དེ་ཡིན་མོད།འོན་ཀྱང་།དམངས་གཙོ་དང་།ཁྲིམས་མཐུན།ཆབ་སྲིད་ཚོགས་པ་སྣ་འདུས་ཅན།གསར་འགོད་རང་དབང་བཅས་མེད་པར་དམིགས་ཡུལ་དེ་མངོན་དུ་འགྱུར་མིན་ནི་དོགས་གཞི་ཁོ་ན་ཡིན་”་ཟེར།
ཤི་ཅིན་ཕིང་གིས་དམར་ཤོག་ཚོགས་མི་རྣམས་ལ་“ང་ཚོའི་ཏང་གིས་དམག་དོན་གྱི་དབང་ཆ་བརྟན་པོར་འཛིན་དགོས་གང་ཡིན་ནམ།”ཞེས་དྲི་བ་དྲིས་ཤིང་།དྲི་བ་དེར་རང་ཉིད་ཀྱིས་ལན་འདེབས་བྱས་ཏེ།“གང་ཡིན་ཟེར་ན།དེ་ནི་ང་ཚོས་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་དུ་སོང་བ་ལས་བསླབ་བྱ་བླངས་པ་རེད།ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དོན་ཆབ་སྲིད་དང་ཁ་བྲལ་དུ་སོང་ཞིང་དམར་ཤོག་ཚོགས་པ་དང་ཁ་གྱེས་ཏེ་གཞུང་བཞེས་བཏང་ནས་ཐ་མར་ཉམས་རྒུད་དུ་གྱུར་པ་རེད།”
ཤི་ཅིན་ཕིང་གིས་ཉེན་བརྡ་བཏང་དོན།ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཉམས་རྒུད་དུ་གྱུར་པའི་སྐབས་སུ་དམར་ཤོག་ཚོགས་པ་དེ་འདྲ་ཆེན་པོ་ཞིག་མཇུག་སྒྲིལ་བ་རེད།ལྟོས་འཇོག་གི་ཐོག་ནས་ཨུ་རུ་སུའི་དམར་ཤོག་ཚོགས་མི་ང་ཚོ་ལས་མང་མོད།སུ་གཅིག་གིས་གྱེན་ལངས་ཀྱི་ལས་འགུལ་རྩོམ་ཐུབ་མེད།
གང་ལྟར་ཀྱང་ཤི་ཅིན་ཕིང་གི་ཀྲུང་གོའི་རྨི་ལམ་གཏམ་བཤད་ལ་བལྟས་ན་ཁོ་ནི་བསྒྱུར་བཅོས་བྱེད་མཁན་ཞིག་གི་རྣམ་པ་ཧ་ཅང་དོད་ཡོད། ཡིན་ན་ཡང་། གཱ་ཡུ་ཡིས་ཤི་ཅིན་ཕིང་གིས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་བྱེད་པའི་ལས་འགུལ་གང་ཡང་མི་བརྩམ་པ་ང་ལ་ཡིད་ཆེས་ཡོད། དམག་དཔུང་ནི་རྒྱལ་ཁབ་འདིའི་སྟོབས་ཤུགས་ཀྱི་ལྟེ་བ་དེ་ཡིན་སྟབས།ཤི་ཅིན་ཕིང་གིས་བསམ་བློ་གཏོང་ས་གཙོ་བོ་ཡང་དེ་ཡིན།
“ཤི་ཅིན་ཕིང་མི་མང་གིས་འོས་འདེམས་བྱས་ཏེ་སྲིད་འཛིན་དུ་བདམས་ཐོན་བྱུང་བ་མིན་སྟབས།ཁོས་བསམ་པར་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་གྱི་མཐར་ཐུག་གི་སྟོབས་ཤུགས་ནི་དམག་མི་ཡིན་ཞིང་།གུང་ཁྲན་ཏང་གིས་དམག་མི་བཏང་འཛིན་བྱེད་དགོས།གང་ཡིན་ཟེར་ན།དམག་མི་རྣམས་གུང་ཁྲན་ཏང་ལ་དབང་ཡོད་པ་ལས་མི་མང་དང་རྒྱལ་ཁབ་ལ་དབང་མེད། ”
གཱ་ཡུ་ཡིས་སླར་ཡང་བཤད་དོན།ཤི་ཅིན་ཕིང་གིས་ཀྲུང་གོ་སྟོབས་འབྱོར་ཅན་དུ་བསྒྱུར་དགོས་ཟེར་བ་ནི་མཐར་ཐུག་ན་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན།