གནམ་གྱི་ཚོར་སྣང་དང་ས་ཡི་མཐོང་ཐོས།

མར་གྱི་ས་གཞི་ཐོག་ནས་ཡར་ལ་འཕུར།།

ཡར་གྱི་བར་སྣང་ཁམས་ནས་ཐད་ལ་བརྒྱུགས།།

གཡས་གཡོན་མི་རྣམས་ག་ལེར་གཉིད་ལ་ཡུར།།

སྒེའུ་ཁུང་ནང་ནས་ཕྱི་རོལ་ཡུལ་དུ་བལྟས།།།

 

མཁའ་ལམ་སྤྲིན་དཀར་ཐམ་ཅད་འོག་ནས་རྒྱུག།

གངས་དཀར་རི་བོས་ཐད་ནས་སུ་མཐོ་འགྲན།།

འདི་ནས་ཕར་ལ་ཅུང་ཙམ་འཕུར་འགྱུར་ན།།

ཡང་ལུང་གཙང་པོའི་འགྲམ་ལ་ཐག་ཉེ་རེད།།

 

གངྒའི་ཆུ་མོས་རྒྱབ་ནས་འཕྲེང་སེམས་བྱེད།།

ཇོ་མོ་གླང་མས་མདུན་ནས་ལག་གཡུག་མང་།།

མར་ལ་ལྟ་དུས་ས་གཞི་བར་ཐག་རིང་།།

དྲན་པའི་སེམས་འདུན་ཕ་ཡུལ་ཕྱོགས་ལ་ཆས།།

 

ནམ་མཁའི་བྱ་ལམ་གོང་མའི་ཡར་ནང་ནས།།

ཁྲི་གདུག་ཉི་མ་ཁོང་ལ་ཐད་མཇལ་བྱས།།

འདི་ནས་ཡར་ལ་ཅུང་ཙམ་བཀྱག་འགྱུར་ན།།

བརྒྱ་བྱིན་ཕོ་བྲང་རྩེ་རུ་ཐུག་སྣང་ཤར།།

 

ཡར་བལྟས་མཁང་དབྱིངས་ཚང་མ་སྟོང་པ་རེད།།

མར་བསྟས་སྤྲིན་པ་ཐམས་ཅད་བྲེལ་འཚུབ་འཚུབ།།

ཞབས་ཞུ་མཛེས་མ་ཟུར་ནས་འཛུམ་པའི་ཚེ།།

བརྒྱ་བྱིན་ལྷ་ཆེན་ང་རང་ཡིན་ན་བསམ།།

 

མཚམས་རེ་ངོ་ནག་སྤྲིན་པ་མཐུག་ཆེ་བས།།

མཁའ་གྲུ་གཡུག་རྡེབ་བྱེད་པའི་བར་གསེང་ནས།།

སྙིང་ཤ་འདར་བའི་སྐྲག་སྣང་དུ་མ་ཞིག།།

ཡ་ཁོག་དཀྱིལ་ནས་ཕན་ཚུན་འཛིང་པར་བྱས།།

 

གནམ་རྡོ་ས་ལ་ལྷུང་བའི་དཔེ་བཞིན་དུ།།

མར་གྱི་ས་རུ་འབབ་སའི་གྲོང་ཁྱེར་དེ།།

བལ་ཡུལ་ཡབ་བུའི་རྒྱལ་ས་དང་པོ་དེ།།

ཀ་ཐ་མན་གྲུ་གནམ་གྲུ་འབབ་ཚིགས་རེད།།

 

དེ་ནས་ཕར་ལ་ཅུང་ཙམ་ཕྱིན་གྱུར་ན།།

པདྨ་བཀའ་ཐང་ནང་གི་ལོ་རྒྱུས་ལྟར།།

བྱ་རྫི་བུ་ཡིས་བཞེངས་པའི་མཆོད་རྟེན་དེ།།

བྱ་རུང་ཁ་ཤོར་རྩེ་མོ་གནམ་ལ་བསླངས།།

 

མཆོད་རྟེན་དེའི་སྐོར་ལམ་ཕྱི་ནང་དུ།།

བལ་བོད་སུ་ཡིན་ངོ་ཐག་མ་ཆོད་པའི།།

སྣ་ཐུང་ངོ་རིལ་ཅན་གྱི་སྐྱེ་བོ་རྣམས།།

ཕྱག་མཆོད་སྐོར་ར་བྱེད་མཁན་འཚང་ཁ་རྒོད།།

 

ལག་ཏུ་དབྱུག་པ་གཟུང་བའི་དམག་མི་དང་།།

ཁ་ནས་མ་ཎི་འདོན་པའི་ཆོས་པ་གཉིས།།

སྐོར་ལམ་དེ་རུ་སུ་མང་མི་ཤེས་པ།།

ཆོས་པས་ཆབ་སྲིད་བྱས་པའི་ནག་ཉེས་ཤིག།

 

རྒྱ་ཡི་ལོ་གསར་གཏོང་བའི་བོད་མི་དང་།།

ཁྲིམས་འགལ་ནག་ཚོང་ཅན་གྱི་ཚོང་པ་རྣམས།།

འབྱོར་ལྡན་རྒྱུ་ཡི་བང་མཛོད་ཡོད་རབས་ཀྱི།།

གཏམ་རྒྱུད་དུ་མ་ཇ་ཁང་ནང་ནས་གླེང་།།

 

དགོན་པ་ཕར་ཆེར་གྲྭ་པས་སྟོང་བ་དང་།།

གྲྭ་བཙུན་ཕལ་ཆེར་སྡོམ་མེད་ཡིན་རབས་ཀྱི།།

ཉན་ན་རྣ་བ་ཚ་བའི་སྐད་ཆ་དང་།།

བསམ་ན་སེམས་པ་སུན་པའི་ལོ་རྒྱུས་མང་།།

 

 

མཁའ་ལམ་བརྒྱུད་དེ་རྒྱ་གར་ནས་བལ་ཡུལ་དུ་ཕྱིན་པའི་གཏམ་རྒྱུད།