བཙོན་ཁང་ནས་ནད་པ་ཆགས་པའི་གྲྭ་པ་གཉིས་གློད་གྲོལ།

རྒྱ་ནག་གཞུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཏང་བའི ཁམས་སེར་ཤུལ་རྫོང་གི་དགེ་འདུན་པ་བློ་བཟང་དངོས་གྲུབ་དང་། བཟོད་པ་གཉིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གློད་གྲོལ་བཏང་ཡོད་འདུག་ན་ཡང་། ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད།

དེ་ཡང་༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་བྱེད་མཁན་དགེ་འདུན་པ་༡༤ འཛིན་བཟུང་གིས་ལོ་ཚད་འདྲ་མིན་གྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་ལྟར། སྐབས་དེར་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ལོ་༥ རིང་བཙོན་འཇུག་བྱས་པའི་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་བློ་བཟང་དངོས་གྲུབ་དང་། མིང་དགེ་དགོན་པའི་དགེ་འདུན་པ་བཟོད་པ་གཉིས། འདི་ལོའིོ་གསུམ་བཅུའི་དུས་དྲན་ཉིན་གློད་གྲོལ་བཏང་ཡོད་འདུག་ཀྱང་། རྒྱ་གཞུང་གིས་ཁོང་གཉིས་ལ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟབས། དགེ་འདུན་པ་བློ་བཟང་དངོས་གྲུབ་ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། མིང་དགེ་དགོན་པའི་དགེ་འདུན་པ་བཟོད་པ་སེམས་ཁམས་མི་བདེ་བ་ཆགས་ཡོད་འདུག

དེ་བཞིན་དགེ་འདུན་པ་བཟོད་པ་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་རྗེས་སུ་རྒྱ་གཞུང་གིས་ལྷ་ས་ནས་ཁྲིན་ཏུར་བསྐྱལ་ཏེ་ཉིན་༧ དང་། སེར་ཤུལ་རྫོང་དུ་ཉིན་ཞག་༤ བཅས་སྔ་ཕྱིར་ཐེངས་གཉིས་བཀག་ཉར་རྗེས། འབྲེལ་ཡོད་མི་༥ ལྷག་གིས་ཁག་ཐེག་བྱས་ནས་གློད་གྲོལ་གྱིས་ད་ལྟའི་ཆར་མིང་དགེ་དགོན་པར་བཞུགས་ཡོད་ན་ཡང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་གཟུགས་པོའི་ཐོག་རྨ་ཁ་བཟོས་མེད་ནའང་། རང་ཁྱིམ་དུ་ལོག་རྗེས་ཁོང་སྔར་དང་མི་འདྲ་བར་སེམས་ཁམས་བདེ་ཐང་མེད་པ་ཆགས་ཡོད་འདུག

དགེ་འདུན་པ་བཟོད་པ་ལགས་ནི། ཁམས་སེར་ཤུལ་རྫོང་མིང་དགེ་སྡེ་པར་སྐྱེས་པ་དང་། ཆུང་དུས་མིང་དགེ་དགོན་དུ་སློབ་གཉེར་བྱས་ཡོད་འདུག་ལ། དམིགས་བསལ་རྩོམ་རིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་འདུག རྗེས་སུ་ལྷ་སའི་སེ་ར་དགོན་པར་ལོ་བདུན་ལྷག་གི་རིང་སློབ་གཉེར་གནང་སྟེ་དབུ་མ་འཛིན་གྲྭ་བར་སློབ་སྦྱོང་བྱས་ཡོད་འདུག ཕྱི་ལོ་༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་རྗེས་བཙོན་འཇུག་ཁྲིམས་ཐག་བཅད་དེ་གློད་གྲོལ་ཐོབ་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ལ་ལས་དོན་འདྲ་མིན་ནང་མཉམ་ཞུགས་དང་བྱེད་མི་ཆོག་པ་དང་། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱ་དགོས་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། ད་ལྟའི་ཆར་ ས་གནས་ཀྱི་དགོན་སྡེ་ཁག་ཏུ་རྒྱ་གཞུང་གི་དམག་མི་གཏན་སྡོད་ཀྱིས་ལྟ་རྟོག་བྱེད་ཀྱི་ཡོད་འདུག

གཞན་ཡང་སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ལོ་༡༠ ཁྲིམས་ཐག་བཅད་པའི་དབོན་པོ་དགོན་པའི་དགེ་འདུན་པ་བློ་གྲོས་དང་། དེ་བཞིན་ལོ་དེའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསོད་ནམས་གྲགས། མི་སྐྱ་ཟླ་ཤར་བཅས་ལ་ལོ་༡༠ བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟའི་ཆར་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད་འདུག