༧གོང་ས་མཆོག་ཡུ་རོབ་ཏུ་ཆིབས་བསྒྱུར།

༧གོང་ས་མཆོག་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་༩ ཉིན་ནས་བཟུང་ཉིན་གྲངས་བཅུ་ལྷག་གི་རིང་། ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་། སུད་སི། དབྱིན་ཡུལ་བཅས་ཀྱི་ནང་མཛད་འཕྲིན་ཁག་ཅིག་སྐྱོང་རྒྱུའི་མཛད་འཆར་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་ཕེབས་ཐོན་གྱིས།  ཕྱི་ཚེས་༩ ནས་ ༡༢ བར་ཨི་ཊ་ལིའི་རང་སྐྱོང་མངའ་སྡེ་ལྷོ་ (South Tyrol)ཊེ་རོལ་ནང་། གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་དང་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་༡༢ ཉིན་སུད་སིར་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་ལ་བཀའ་སློབ་དང་། ཕྱི་ཚེས་༡༣ ནས་༡༤ བར་ཉིན་གཅིག་དང་ཕྱེད་ཀྱི་རིང་སུད་སི་ཧྥི་རི་བྷག་ཏུ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་རྗེ་བཙུན་སྒྲོལ་དཀར་གྱི་རྗེས་གནང་བསྩལ་རྒྱུ་རེད་འདུག་ལ། ཕྱི་ཚེས་༡༥ ཉིན་ལུ་སན་སློབ་གྲྭ་ཆེན་མོའི་ཚན་རིག་པའི་ལྷན་བགྲོ་གླེང་མཛད་རྒྱུ་ཡིན་པ་རེད།

དེ་བཞིན་ཕྱི་ཚེས་༡༦ ཉིན་གྱི་སྔ་དྲོ་སུད་སིའི་རྒྱལ་སར་རྟེན་གཞི་བྱས་པའི་བྷན་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར། བླང་དོར་བཀའ་སློབ་དང་ཉིན་རྒྱབ་སུད་སིའི་གྲོས་ཚོགས་ནང་ཆིབས་བསྒྱུར་གྱིས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཚོགས་མི་རྣམས་དང་ལྷན་གསར་འགོད་གསལ་བསྒྲགས་དང་། ཕྱི་ཚེས་༡༩ ནས་༢༠ བར་ཉིན་གྲངས་གཉིས་རིང་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་ཡོད་འདུག