ཚེ་སྲོག་གིས་བོད་ཀྱི་ས་ཁྲ་བསྐྱར་གསོ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༢ ཕྱི་ལོ་ ༢༠༡༣/༤/༣
ད་བར་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་ཡོངས་གྲགས་ཆགས་པ་མི་གྲངས་༡༡༤ ཙམ་བྱུང་བ་དང། དེ་དག་ནི་མང་ཆེ་བ་ན་གཞོན་ཡིན་པ་རེད། ཁོང་རྣམ་པས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཛད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ།
རྒྱལ་སྤྱིའི་ནང་དུའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ད་ལྟའི་ཆར་རང་སྲོག་བློས་གཏོང་གནང་མཁན་མང་ཤོས་མདོ་སྨད་ཁུལ་ནས་ཡིན་པ་དང། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ནས་དེ་ཙམ་མང་པོ་མ་བྱུང་བར་བརྟེན། ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་དོ་སྣང་ཅན་ཁག་ཅིག་གིས་དེའི་རྒྱུ་མཚན་གང་ཡིན་སྐོར་ལ་དྲི་བ་གཏོང་མཁན་ཡང་ཡང་ཡོང་གི་ཡོད་སྟབས། དེ་དང་འབྲེལ་བའི་སྐོར་ལ་གཤམ་དུ་དབྱེ་ཞིབ་བྱ་རྒྱུ་ཡིན།
བོད་ས་སྟོད་སྨད་བར་གསུམ་ཀུན་ཏུ་རྒྱ་གཞུང་གིས་མནར་གཅོད་དང་རྡུང་རྡེག་དམ་དྲག་བྱེད་ཤུགས་ཧ་ཅང་ཆེ་བ་དང། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་དེའི་ཉེ་འཁོར་རྣམས་སུ་དེ་བས་ཀྱང་དམ་དྲག་ཆེ་བ་བྱེད་བཞིན་ཡོད། དཔེར་ན་ལྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་བསྐྱོད་སྐབས་རྒྱལ་ཁབ་གཞན་གྱི་གནམ་ཐང་དུ་བསྐྱོད་པ་བཞིན་ལུས་བཤེར་བྱེད་སའི་འགག་སྒོ་གང་མང་ཞིག་ཡོད་འདུག་པ་དང། ཕལ་ཆེར་མི་རེར་ལྐོག་ལྟ་བྱེད་མཁན་རེ་རེ་བཞག་ཡོད་འདུག་ཅེས་བརྗོད་ཀྱང་ཐལ་དྲགས་མེད་པའི་ཚོད་དུ་ཡོད་འདུག ཕྱོགས་གཅིག་ནས་རང་ལུས་མེར་སྲེག་གཏོང་བར་དེ་ལ་བརྟེན་ནས་འགལ་རྐྱེན་གཏན་ནས་ཡོད་མི་སྲིད་པ་མིན་ནའང། བོད་ཀྱི་མཐའ་འཚམས་ཁུལ་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་མང་བ་ཡོད་པ་རྒྱུ་མཚན་གཞན་ཞིག་གིས་ཡིན་ངེས།
རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་བཅངས་ནས་ཡུན་རིང་དྲིལ་བསྒྲགས་བྱས་པར་བརྟེན། ད་ལྟའི་ཆར་རྒྱ་ཡིག་གིས་“西藏”ཞེས་པ་འདིའི་ཁྱབ་ཚད་ཀྱི་ཐོག་ནས་བཤད་ན་བོད་རང་སྐྱོང་ལྗོངས་གཅིག་པུ་ལས་མི་གོ་བ་མ་ཟད། དེ་བཞིན་བོད་སྐད་ཀྱི་ནང་དུ་“བོད་”དང། དབྱིན་སྐད་ནང་“Tibet”ཞེས་ཚིག་འདི་ཡང་རྒྱ་གཞུང་གིས་སྤེལ་བའི་ཡིག་ཆ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་ལས། མཚོ་སྔོན་དང། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་ཁོངས་སུ་ཡོད་པའི་བོད་ཁུལ་རྣམས་རྩ་བ་ཉིད་ནས་ཚུད་ཀྱི་མེད། ཁོང་ཚོས་བོད་ཀྱི་གནད་དོན་ཞེས་བརྗོད་པ་ཙམ་གྱིས་བོད་རང་སྐྱོང་ལྗོངས་གཅིག་པུའི་གནད་དོན་ལས་བོད་ཁུལ་གཞན་ལ་བརྗོད་ཀྱི་མེད་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཅིག་གིས་ཀྱང་དེ་བཞིན་ངོས་འཛིན་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༠༩ ལོར་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱས་པར་བརྟེན། ད་བར་བོད་མི་༡༡༤ ཡིས་རང་ལུས་མེར་སྲེག་བཏང་ཡོད་ལ། དེའི་ནང་ནས་མང་ཆེ་ཤོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་ཁོངས་སུ་མ་ཚུད་པའི་བོད་པའི་ས་གནས་གཞན་ཁག་ནས་བྱུང་ཡོད། དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་དམ་དྲག་དང་གནོན་ཤུགས་མནར་གཅོད་སོགས་གཅིག་མཚུངས་ལྟ་བུ་ཡོད་ཀྱང། རྒྱ་གཞུང་གི་འགྲེལ་བརྗོད་བྱེད་སྟངས་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ལོགས་སུ་ཡོད་པའི་བོད་པ་རྣམས་བོད་ཅེས་པའི་ཐ་སྙད་འདིའི་ནང་དུའང་གཏན་ནས་ཚུད་ཀྱི་མེད་སྟབས། རང་ལུས་མེར་སྲེག་གིས་ཞི་རྒོལ་བྱེད་མཁན་བོད་ཤར་ཕྱོགས་སུ་མང་བ་ཡོད་པ་ནི། ཆབ་སྲིད་ཀྱི་ཐོག་ནས་བལྟས་ན་བོད་མི་མང་པོ་དེ་འདྲ་ཞིག་གིས་ཚེ་སྲོག་བློས་བཏང་ནས་ཆེད་དུ་བོད་ཀྱི་ས་ཁྲ་བསྐྱར་གསོ་བྱེད་ཀྱི་ཡོད་པ་རེད།
གནད་དོན་འདིའི་ཐོག་ནས་ངོས་འཛིན་གསལ་པོ་བྱེད་དགོས་པ་ཞིག་ནི། རྒྱ་གཞུང་གིས་ལོག་པའི་དྲིལ་བསྒྲགས་མང་པོ་ཇི་ཙམ་སྤེལ་ཡང། བོད་མི་ས་ཡ་དྲུག་གི་སེམས་ངོར་དུས་ནམ་ཡང་སྐྱིད་སྡུག་མཉམ་མྱོང་དང། གཅིག་པ་ཡིན་པའི་འདུ་ཤེས་དེ་དོར་མྱོང་མེད་ལ། དཔེར་ན་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༡༤ ཉིན་ལྷ་སའི་ཞི་རྒོལ་བ་རྣམས་དམར་གསོད་བཏང་བའི་དོན་རྐྱེན་བྱུང་བའི་སྐབས། བོད་ཤར་ཕྱོགས་ཀྱི་མི་སྣ་མང་ཤོས་ཡིན་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོས། “བོད་མིའི་སྐྱིད་སྡུག་མཉམ་མྱོང་”ཡིན་པའི་འཕྲེད་དར་ཕྱར་ནས་ཞི་བའི་ངོ་རྒོལ་བྱས་པ་དང། ལྷ་སའི་ཞི་རྒོལ་གྱི་ཤུགས་རྐྱེན་བོད་ས་སྟོད་སྨད་བར་གསུམ་དུ་ཁྱབ་ནས། དུས་ད་ལྟའི་བར་དུ་ངོ་རྒོལ་གྱི་མཚམས་ཆད་མ་མྱོང་བར་གནས་ཡོད་པ་རེད། གནད་དོན་འདི་དག་དངོས་བྱུང་གི་དཔང་རྟགས་ཉག་གཅིག་ཡིན་པ་ལས་འགྲེལ་བཤད་ཙམ་ཞིག་གཏན་ནས་མིན།
རྒྱ་དམར་གཞུང་དང་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་སེམས་ངོར་འཇགས་དགོས་པ་ཞིག་ནི། བོད་ཀྱི་གནད་དོན་ཞེས་པ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཅིག་པུ་ཙམ་མ་ཡིན་པར། བོད་ཀྱི་ས་ཁུལ་ཡོངས་ལ་ཁྱབ་པ་ཞིག་ཡིན་པར་ལོ་རྒྱུས་དངོས་ཡོད་ཀྱི་ཐོག་ནས་ར་སྤྲོད་ཐུབ་པ་དང། ད་ལྟའི་ཆར་༧གོང་ས་མཆོག་གིས་དབུས་བོད་མི་ཡོངས་ཀྱིས་ངོས་འཛིན་ཡང་དེ་རང་ཡིན་པ་གསལ་སྟོན་ཡོང་ཆེད། རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་མ་ཚུད་པའི་ས་ཁུལ་གཞན་ནས་ཚེ་སྲོག་བློས་བཏང་གིས་བོད་ཀྱི་ཆབ་སྲིད་ཁྱབ་ཁོངས་ཀྱི་ས་ཁྲ་སྔར་ཡོད་པ་དེའི་རི་མོ་གསལ་དུ་བཏང་བ་ཞིག་ཡིན་པ་མ་ཟད། “སྲོག་ཀྱང་སྤྲོད་ལ་ཁྲག་ཀྱང་སྤྲོད་ཆོག རྒྱལ་ཁབ་ཀྱི་བདག་དབང་དུས་ནམ་ཡང་མི་སྤྲོད་”ཅེས་པའི་ཧིན་སྐད་ཀྱི་འབོད་ཚིག་འདིའི་གོ་དོན་དང་གཅིག་མཚུངས་སུ་གྱུར་ཡོད།།