རྒྱལ་རོང་མཁན་ཟུར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

khenzur_2013

ཕྱི་ཟླ་༤ ཚེས་༨ ཀྱི་མཚན་མོ་ཆུ་ཚོད་༡༢:༣༠ ཙམ་ལ་དགུང་གྲངས་༨༥ ལ་ཕེབས་པའི་སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ། ད་ལྟའི་སྐབས་ཐུགས་དམ་ལ་བཞུགས་བཞིན་ཡོད་པའི་གནས་ཚུལ་འདུག

མཁན་ཟུར་རིན་པོ་ཆེའི་མདུན་འདུག་པ་སྐུ་ཚ་དགེ་བཤེས་དགེ་ལེགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། སེར་སྨད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་ལ་མཆོག་ཉེ་བའི་ལོ་འགའི་སྔོན་ནས་མཆིན་པའི་བསྙུན་གཞི་ཞིག་བཞེས་ཚུལ་བསྟན་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་མེ་སོར་རྫོང་དང་། བྷེང་ལོར་གྲོང་ཁྱེར་བཅས་ནས་ཀོ་ལིམ་པི་ཨེ་ཤི་ཡའི་ནང་དམིགས་བསལ་མཆིན་པའི་སྨན་ཁང་དུ་བསྟེན་གཏུག་བྱས་ཡོད་པ་དང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེར་ཐུགས་བརྟགས་ཞུས་ཤིང་། སྐུའི་བླ་སྨན་སྡེ་ཚན་ནས་ཀྱང་བོད་ཀྱི་སྨན་པ་ཆེད་མངགས་ཀྱིས་སྨན་བཅོས་གནང་ཡོད་འདུག ཡིན་ནའང་ཟླ་འདི་ཚེས་༨ ཉིན་གྱི་མཚན་མོ་ཆུ་ཚོད་༡༢ དང་ཕྱེད་ཙམ་ལ་དགོངས་པ་གཞན་དོན་གཤེགས་པའི་གནས་ཚུལ་བྱུང་ཡོད་པ་རེད།

སེར་སྨད་རྒྱལ་རོང་ཁི་འཇོ་རིན་པོ་ཆེས་རྒྱལ་རོང་མཁན་ཟུར་རིན་པོ་སྐུའི་སྙུང་གཞིའི་སྐོར་ལ་སྨན་པ་ཡ་མཚན་སྐྱེས་ཏེ། ན་ཚ་དེ་མི་ཕལ་བ་ཞིག་ལ་བྱུང་བ་ཡིན་ན་སྔར་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད་ཅེས་དང་། མཁན་ཟུར་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་པོ་ལྟར་སྣང་ཡང་ཐུགས་ལྷོད་ལྷོད་ཡིན་སྐོར་གསུངས་སོང་ཞེས་འགྲེལ་བརྗོད་གནང་སོང་།

ད་ལྟའི་སྐབས་མཁན་ཟུར་རིན་པོ་ཆེ་ཐུགས་དམ་ལ་བཞུགས་ཡོད་པ་དང་། སེར་སྨད་གྲྭ་ཚང་དང་། མཁན་ཟུར་བླ་བྲང་།  ཁི་འཇོ་བླ་བྲང་ཐུན་མོང་གི་གོ་སྒྲིག་འོག མཁན་ཟུར་རིན་པོ་ཆེ་ཐུགས་དམ་མ་གྲོལ་པར་དུ་སེ་ར་སྨད་གྲྭ་ཚང་གི་འཛིན་གྲྭ་སོ་སོའི་རེས་མོས་ཀྱིས་སྤྱོད་འཇུག་དང་། དྲང་ངེས། རྩ་གསུམ་སོགས་ཀྱི་མཚན་ཕུད་ཆོས་ཀློག་གནང་རྒྱུ་ཡིན་པ་རེད་འདུག

khenzur_2013

རྒྱལ་རོང་མཁན་ཟུར་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༢༨  ལོར་བོད་ཤར་ཕྱོགས་རྒྱལ་རོང་ཅོག་ཙེ་ས་ཁུལ་དུ་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་༡༧ ཐོག་ནས་སེར་སྨད་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ། ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང། ཕྱི་ལོ་༡༩༥༩ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས་ལ་ཉེ་བའི་སྐབས། ལྷ་སར་དུས་འགྱུར་གྱི་ཟིང་འཁྲུག་ལངས་ཡོད་པ་དང་། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་མཁན་ཟུར་རིན་པོ་ཆེ་ཡང་སྐྱབས་བཅོལ་དུ་ཕེབས་ཡོད་ནའང་།  ལམ་བར་ནས་སླར་ཡང་བོད་དུ་ཆོས་བྱེད་ཆོག་གི་ཡོད་པའི་གནས་ཚུལ་ཞིག་ཐོས་འཕྲལ་ལྷ་སར་ཕྱིར་ལོག་མཛད། ལོ་གསུམ་གྱི་རིང་ལ་རྒྱ་ནག་གཞུང་གི་བཅོས་བསྒྱུར་ལས་འགུལ་ཁྲོད་སྐུ་ངལ་བསྐྱོན་དགོས་བྱུང་ཡོད་པ་དང་། ཕྱི་ལོ་༡༩༦༢ ལོ་སླར་ཡང་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ནས་སྦག་ས་ཆོས་སྒར་དུ་གསན་བསམ་མཛད་པ་དང་དགེ་བཤེས་ཀྱི་མཚན་རྟགས་བཞེས། མཚན་རྟགས་བཞེས་པའི་ལོ་རྗེས་མ་དེ་ཀ་རང་ལ་༸གོང་ས་མཆོག་གིས་སེ་ར་སྨད་ཀྱི་མཁན་པོར་བསྐོ་བཞག་གནང་ཡོད་པ་རེད་འདུག

དེ་ལྟར་མཁན་ཟུར་རིན་པོ་ཆེས་མཆོག་དགོངས་པ་མ་རྫོགས་ཀྱི་བར་དུ་རིམ་བཞིན་སེ་ར་སྨད་ཀྱི་མཁན་པོ་དང་། གྲྭ་ཚང་འཛིན་སྐྱོང་གི་འགན་ཁུར། སློབ་སྟོན་པ། དཔེ་ཁྲིད་གནང་བ་སོགས་ཀྱི་མཛད་རྗེས་བཞག་ཡོད་པར་བརྟེན། སེར་སྨད་གྲྭ་ཚང་དང་འབྲེལ་ཡོད་མི་སྣ་ཚོས་བརྩི་བཀུར་ཆེན་པོ་ཞུ་ཡི་ཡོད་པ་རེད་འདུག  མཁན་ཟུར་རིན་པོ་ཆེ་མཆོག་གི་རྒྱུན་ལྡན་གྱི་ཉམས་ལེན་དང་ཞལ་འདོན་གཙོ་བོ་ནི་འཇིགས་བྱེད་དང་བདེ་མཆོག་གནང་གི་ཡོད་འདུག །

མེ་སོར་གསར་འགོད་པས།