བོད་མི་བཞིར་ལོ་༦ ནས་༣ བར་གྱི་ཁྲིམས་ཐག་བཅད་འདུག
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་ནས། བོད་མི་༤ ལ་རང་ལུས་མེར་སྲེག་གི་འདྲ་པར་དང་གནས་ཚུལ་སོགས་ཕྱི་ཕྱོགས་སུ་བཏང་བ་དང་། དེ་བཞིན་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་༦ ནས་༣ བར་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་རེབ་གོང་དང་རྩེ་ཁོག་རྫོང་གཉིས་སུ་ཡོངས་གྲགས་ཁྲིམས་ར་བཙུགས་ཏེ་བོད་མི་གཡང་སྐྱབས་རྒྱལ་དང༌། ལྕགས་ཐར། གནམ་མཁའ་བྱམས། མགོན་པོ་བཅས་ལ་རང་ལུས་མེར་སྲེག་གི་འདྲ་པར་དང་གནས་ཚུལ་སོགས་ཕྱི་ཕྱོགས་སུ་བཏང་བ་དང་། དེ་བཞིན་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་བསྐུལ་བྱས་པའི་ཉེས་འཛུགས་ཀྱིས་གཡང་སྐྱབས་རྒྱལ་ལ་དུས་བཀག་བཙོན་འཇུག་ལོ་༦ དང་ཆབ་སྲིད་ཁེ་དབང་ལོ་གསུམ་འཕྲོག་རྒྱུ། དང་། དེ་བཞིན་ལྕགས་ཐར་ལ་དུས་བཀག་བཙོན་འཇུག་ལོ་༤ དང་ཆབ་སྲིད་ཁེ་དབང་ལོ་༢ འཕྲོག་ཡོད་པ་རེད།
གཞན་ཡང་གནམ་མཁའ་བྱམས་ལ་དུས་བཀག་བཙོན་འཇུག་ལོ་༦ དང་ཆབ་སྲིད་ཁེ་དབང་ལོ་༣ འཕྲོག་རྒྱུ་དང་། མགོན་པོ་ལ་དུས་བཀག་བཙོན་འཇུག་ལོ་༣ དང་ཆབ་སྲིད་ཁེ་དབང་ལོ་གཅིག་འཕྲོག་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།