ཧི་མ་ཅཱལ་མངའ་སྡེ་དབུ་བརྙེས་ཏེ་ལོ་༦༦ འཁོར་བ།

ཧི་མ་ཅཱལ་མངའ་སྡེ་དབུ་བརྙེས་ནས་ལོ་༦༦ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀོལ་སིངྒ་ཐཱ་ཀུར་ (Mr Kaul Singh Thakur)མཆོག་གིས་གཙོས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་མགྲོན་འབོད་ལྟར་ཆེད་བཅར་བྱས་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ཐོག་ཀ་ཅ་རི་ཉེན་རྟོག་ཐང་ཆེང་དུ་སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་འཕྲོད་བསྟེན་དང་ཁྲལ། ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ཀོལ་སིངྒ་ཐཱ་ཀུར་ (Mr Kaul Singh Thakur)མཆོག་གིས་གཙོས། ཧི་མ་ཅཱལ་མངའ་སྡེའི་གཞུང་གིས་མགྲོན་འབོད་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་དང། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས། ཚོགས་དྲུང་སྟོབས་རྒྱལ་བཅས་མཛད་སྒོར་ཆེད་ཕེབས་གནང་སྟེ། ཐོག་མར་སྐུ་མགྲོན་གཙོ་བོས་རྒྱ་གར་རྒྱལ་དར་བསྒྲེངས་འཛུགས་གྲུབ་མཚམས་ཉེན་རྟོག་པ་དང་སློབ་ཕྲུག་གིས་རུ་སྒྲིག་ལམ་ནས་ཆེ་བསྟོད་ཞུས་ཡོད་འདུག་པ་དང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་རྗེས་ས་གནས་ཡུལ་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་ཞུས་རྗེས་རྒྱ་གར་གྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

སྤྱིར་ཧི་མ་ཅཱལ་མངའ་སྡེ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༤༨ ཟླ་༤ ཚེས་༡༥ ཉིན་ཞིང་ཆེན་གྱི་ངོ་བོར་དབུ་བརྙེས་ཡོད་ན་ཡང་། ཕྱི་ལོ་༡༩༥༦ ཟླ་ ༡༡ ཚེས་ ༡ ཉིན་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་བྱ་རྒྱུའི་ས་ཁྱོན་གྱི་གནས་བབ་ Union Territory ཐོབ་རྗེས། ཕྱི་ལོ་༡༩༦༦ ཟླ་ ༡༡ ཚེས་༡ ཉིན་ཀངྒ་ར་དང་པན་ཇབ་ཀྱི་རི་རྒྱུད་ས་ཁུལ་ཁག་ཧི་མཱ་ཅལ་མངའ་ཁོངས་སུ་ཟླ་སྒྲིལ་བཏང་ཡོད་འདུག ཕྱི་ལོ་༡༩༧༠ ཟླ་༡༢ ཚེས་༡༨ ཉིན་རྒྱ་གར་གྱི་གྲོས་ཚོགས་ནས་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར། ཕྱི་ལོ་༡༩༧༡ ཟླ་༡ ཚེས་༢༥ ཉིན་ཧི་མ་ཅཱལ་དེ་བཞིན་རྒྱ་གར་གྱི་མངའ་སྡེའི་གནས་བབ་ཐོབ་ཡོད་པ་རེད་འདུག