དད་མོས་ཀྱི་བཙན་འཛུལ་ནི་ཉེན་ཁ་ཡིན།
དད་མོས་ཀྱི་བཙན་འཛུལ་ནི་ཉེན་ཁ་ཡིན།
སངས་རྒྱས་ལ་ཕྱག་འཚལ་ལོ། །
༡༽མཉམ་གནས་ དང་མཉམ་འདྲེས་ཀྱི་ཁྱད་པར།
ང་དེ་རིང་ཐའེ་ལན་དིའི་རྒྱལ་སའི་མགྲོན་ཁང་ཞིག་ཏུ། ཐའེ་ཝན་དུ་ཕྱིར་ལོག་རྒྱུའི་ཐོངས་མཆན་བསྒུགས་ནས་བསྡད་ཡོད་པས་ཉིན་འདི་ཀའི་དུས་ཚོད་ཀྱི་བར་སྟོང་དག་རྩོམ་ཡིག་འདི་འབྲི་རྒྱུའི་ཕྱོགས་སུ་གཏོང་རྒྱུ་ཡིན།
ལར་ཆོས་ལུགས་ནི་མིའི་རིགས་ཀྱི་སེམས་ཁམས་ཀྱི་སྨན་རིགས་ཤིག་རེད་ལ། དུས་རབས་འདི་ནི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་ངང་ནས་མཉམ་གནས་བྱ་རྒྱུར་མདུན་སྐྱོད་བྱ་བཞིན་པའི་དུས་ཚོད་ཅིག་རེད། བརྗོད་ཚིག་འདིར་ང་ཡང་འཐད་པ་ཡིན།འོན་ཀྱང་མཉམ་གནས་ལ་མཉམ་འདྲེས་ཀྱི་གོ་དོན་མེད་ལ། བསླུ་བྲིད་དང་སིམ་འཛུལ་གྱི་གོ་དོན་ནི་དེ་བས་ཀྱང་ཡོང་མི་སྲིད། གུས་རང་མཐོང་རྒྱ་ཤིན་ཏུ་ཆུང་བ་ཞིག་ཀྱང་མ་ཡིན་ལ། ལྟ་གྲུབ་དང་ཆོས་ལུགས་མི་འདྲ་བའི་གཞུང་ལ་ཞིབ་འཇུག་དང་ལྟ་ཀློག དེ་བཞིན་ཆོས་ལུགས་དང་རིག་གཞུང་མི་གཅིག་པའི་མི་དང་གྲོགས་པོ་བསྒྲིག་རྒྱུ་སོགས་ལ་ཧ་ཅང་དགའ་པོ་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་གཞི་རྩའི་འབྲེལ་ཡོད་ཀྱི་དཔེ་ཆ་ཁག་ཅིག་མ་མཐར་ཡང་ལོ་བཅོ་ལྔའི་སྔོན་ནས་བལྟ་ཀློག་བྱེད་མྱོང་། ཡིན་དང་ཡིན། གཞུང་ལུགས་ཤིག་གི་ངོས་ནས་དང་ཤེས་རིག་ཅིག་གི་ངོས་ནས་བཤད་ན་བརྩི་བཀུར་ནི་རྒྱུན་ཤེས་ཙམ་རེད།
འོན་ཀྱང་། གལ་ཏེ་སུ་ཞིག་གིས་ང་ལ་བསླུ་བྲིད་བྱེད་པ་དང་། གཡོ་སྒྱུའི་སིམ་འཛུལ་བྱེད་པ། མངོན་སུམ་འཛེམ་མེད་ཀྱིས་བཙན་གཡེམ་བྱེད་པ། ངའི་དཔལ་འབྱོར་དང་ཤེས་ཡོན་གྱི་ཞན་ཆའི་གོ་སྐབས་བཙལ་ནས་ནད་དུག་བཞིན་དབང་རྩའི་ཕྲ་ཕུང་དག་ཟ་བ་བྱེད་ན་ནུས་ཤུགས་གང་ཡོད་ཀྱིས་གདོང་ལེན་དང་འགོག་བསྲུང་བྱ་ངེས་པར་མ་ཟད། གང་ཐུབ་ཅི་ཐུབ་ཀྱིས་བརྡ་ལན་ཁ་གསལ་བྱེད་ངེས།
༢༽བཙན་འཛུལ་རྒྱ་བསྐྱེད་ཀྱི་སྣང་ཚུལ།
མང་པོ་ཞིག་གིས། ལྷ་ཆད་ནི་མིའི་རིགས་ལ་སེམས་འགུལ་ཆེན་པོ་ཐེབས་པའི་ལག་དེབ་ཅིག་རེད་ཅེས་ཟེར། ངས་ཀྱང་རྒྱུ་མཚན་གང་གི་ཕྱིར་མི་ཧ་ཅང་མང་པོ་ཞིག་གིས་བསླབ་སྟོན་འདིར་ཡིད་ཆེས་བྱ་བཞིན་པ་དེར་བསམ་བློ་ཞིབ་ཚགས་བཏང་མོད། དེབ་འདིར་ཧ་ཅང་སྟབས་བདེ་བའི་སྡེབ་སྦྱོར་གྱི་སླུ་བྲིད་ཅུང་ཟད་ཅིག་ཡོད་པ་ལས་གཞན་ཕལ་མོ་ཆེ་ནི། ཆབ་སྲིད་མི་སྣའི་དབང་ཤུགས་ཀྱི་རྒྱབ་བསྟེན་དང་། ཆོས་སྤེལ་མཁན་གྱི་གོ་སྐབས་རིང་ལུགས་ཀྱི་བྱ་ཐབས་ལམ་ལྷོང་བྱུང་བ་ཙམ་ཞིག་ཡིན་པ་རིམ་གྱིས་རྟོགས་མགོ་ཚུགས།
གཟའ་འཁོར་སྔ་མའི་ནང་འཛམ་གླིང་གི་གནམ་བདག་ཆོས་ལུགས་ཀྱི་གཙོ་འཛིན་འདེམས་བསྐོ་གྲུབ་སྐབས་ཀྱི་གཏམ་བཤད་དུ། ང་ཚོས་དབུལ་པོ་དམིགས་ཡུལ་དུ་འཛིན་དགོས་ཟེར་བྱུང་། མ་གཞི་ཁོང་གི་གཏམ་བཤད་ཀྱི་དོན་སྙིང་ཆེད་དུ་རྡོག་སྒྲུག་རྒྱག་འདོད་མེད་ན་ཡང་། ང་ལ་ནི། ཁོ་པ་ཚོས་ཨེ་ཤ་ཡ་དང་། ཨ་ཧྤི་རི་ཀ་སོགས་དབུལ་ཕོངས་ཀྱི་སྤྱི་ཚོགས་དག་ཏུ་ཆོས་ལུགས་བཙན་སྤེལ་གྱི་ལས་ཀ་དེ་སྔར་ལས་ཤུགས་ཆེར་གཏོང་རྒྱུ་ཡིན་ཞེས་བསྒྲགས་གཏམ་སྤེལ་གྱིན་ཡོད་པའི་ཚོར་སྣང་ལྷག་གེ་བ་ཞིག་བྱུང་། ཚོར་སྣང་དེ་ནི་འཇིགས་སྣང་ཞིག་རེད།
ངས་ཧ་ཅང་གསལ་པོར་ཤེས་ཀྱི་ཡོད། མ་གཞི་ཡིན་ན། ཨེ་ཤ་ཡའི་ཤར་དང་ལྷོའི་རྒྱུད་ནི་སངས་རྒྱས་ཀྱི་རྗེས་འཇུག་ཅུང་མང་བའི་ཡུལ་གྲུ་ཞིག་རེད། རྒྱལ་ཁབ་འགའ་ཞིག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱིས་རྒྱལ་ཁབ་ཆོས་ལུགས་ཀྱི་གོ་གནས་ཟིན་ཡོད། འོན་ཀྱང་། དུས་རབས་སྔ་མའི་ནུབ་ཕྱོགས་རྒྱ་བསྐྱེད་རིང་ལུགས་ཀྱི་ཕུང་ཁྲོལ་གྱི་ལྷག་རླུང་དང་མཉམ་དུ་ཁོང་ཚོས་ཆོས་ལུགས་དེ་ཡང་ཕྱོགས་དང་ཕྱོགས་སུ་བདས་ཏེ་བཀྲམ་ཡོད་ལ། བྱ་ཐབས་དེར་གྲུབ་འབྲས་ཀྱང་ཆེན་པོ་ཐོན་ཡོད། དཔེར་ན། ནང་བསྟན་ལ་དད་པ་དང་ཞེན་ཁོག་ཅི་བས་ཆེ་བའི་འབྲུག་ཡུལ་གྱི་ལུང་པ་ཆུང་ཆུང་འདིའི་ནང་དུ་ཡང་། སྨན་ཁང་དང་སློབ་གྲྭ་སོགས་ཀྱི་མཐུན་སྦྱོར་དུ་བསྙད་པའི་ཡེ་བཙུགས་སློབ་གྲྭ་སོགས་ཀྱི་དཔལ་འབྱོར་གྱི་སླུ་བྲིད་ཀྱིས་ཆོས་ལུགས་བསྒྱུར་ཏེ་ད་ཆ་རྒྱལ་ས་ཐིམ་ཕུ་ལ་ཡང་འབྲུག་པ་ཡེ་ཤུ་པའི་སྤྱི་ཚོགས་ཆགས་ཀྱིན་ཡོད། འབྲས་ལྗོངས་སོགས་ཧི་མ་ལ་ཡིའི་ལྗོངས་གཞན་གྱི་གནས་སྟངས་ཀྱང་གཅིག་པ་ཡིན་ཏེ། གནས་སྟངས་འདིའི་ཐད། ཉེ་བའི་ལོ་དུས་ཀྱི་ནང་ལ་༸གོང་ས་མཆོག་གིས་ཀྱང་ཡོངས་བསྒྲགས་ཀྱི་ཐོག་ནས་རང་གི་མེས་པོའི་ཆོས་ལུགས་རྒྱུན་འཛིན་བྱས་ན་ཡག་པོ་ཡོད་པ་དང་། ཨ་ཚུགས་ཀྱིས་ཆོས་སྤེལ་བའི་བྱེད་སྟངས་དེ་འཚམས་པོ་མེད་པ་ཞལ་གསལ་པོས་མ་མཐར་ཡང་ཐེངས་གཉིས་ནས་གསུམ་གྱི་བར་དུ་གསུངས་ཡོད།
ཐའེ་ལན་ནི་དེ་བས་ཚབ་ཆེ་སྟེ། སྔར་ནང་བསྟན་གྱིས་རྒྱལ་ཁབ་ཆོས་ལུགས་ཀྱི་གོ་གནས་ཟིན་པ་ཉིད་ཕྱིས་སུ་ཡེ་ཤུའི་རྗེས་འབྲངས་པ་འཕེལ་བའི་གནས་སྟངས་ཀྱི་འོག་ནས་མང་གཙོ་ལ་ཁ་གཡར་ཏེ། ནང་བསྟན་གྱི་རྒྱལ་ཁབ་ཆོས་ལུགས་ཀྱི་གོ་གནས་ཕྱིར་བསྡུ་བྱེད་དགོས་བྱུང་ཡོད། དེ་ནི་ང་ཚོ་ནང་པར་མཚོན་ན་ཕམ་ཁ་ཆེན་པོ་ཞིག་ཡིན། ངས་སྐད་ཆ་འདི་དག་རེ་རེ་ནས་བཤད་སྐབས་རང་གི་ཆོས་དང་རིག་གཞུང་ལ་གློ་བ་ཉེ་ཞིང་། བསམ་པ་དཀར་པའི་སྐྱེ་བོ་དཀྱུས་མ་ཞིག་གིས་སོ་སོའི་སེམས་ཀྱི་ཚོར་སྣང་དངོས་སུ་བརྗོད་བཞིན་ཡོད་པ་བརྗེད་མི་ཉན།
དེ་མཚུངས་ཝེ་ཏི་ནམ་ལ་མཚོན་ན། ལོ་རྒྱུས་ཀྱི་ཐོག་ཏུ་སྐད་གྲགས་ཆེ་བའི་ཝེ་ཏི་ནམ་གྱི་གནས་བརྟན་ཆེན་པོ་ཀྭང་ཏི་ལགས་ཀྱིས་སྤྱི་ལོ་༡༩༦༣ཟླ་༦ཚེས་༡༡ཉིན་རང་ལུས་མཆོད་མེར་འབུལ་དགོས་བྱུང་བ་ནས་ཝེ་ཏི་ནམ་གྱི་ནང་པ་དག་གི་ཡ་ང་བའི་ལོ་རྒྱུས་ཀྱི་སྐྱོ་གནས་རིང་མོ་དེའང་། ས་དེའི་ཡེ་ཤུའི་ཆོས་དཔོན་དང་སྐབས་དེའི་ཝེ་ཏི་ནམ་གྱི་སྲིད་འཛིན་གཉིས་ལག་སྦྲེལ་གྱིས། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཟབ་ཅིང་། དད་ལྡན་ཁྲི་མ་འབུམ་གྱིས་དད་མོས་དང་ཉམས་ལེན་བྱ་ཡུལ་དུ་གྱུར་པའི་ཐུབ་པའི་བསྟན་པ་ལ་མངོན་སུམ་འཛེམས་མེད་དུ་གཉའ་གནོན་དང་ཆོས་ལུགས་བཙན་བསྒྱུར་གྱི་ལས་ཀ་ལག་བསྟར་བྱས་ལས་བྱུང་བ་ཞིག་རེད། འདིའི་སྐབས་ཀྱི་སྔ་ཕྱིའི་ལོ་རྒྱུས་ཞིབ་ཆ་ཤེས་དགོས་ན། སྙན་གྲགས་ཅན་གྱི་ཝེ་ཏི་ནམ་གྱི་སློབ་དཔོན་ཆེན་པོ་ཡི་ཤིན་གྱི་དངོས་སློབ་བཙུན་མ་ཀྲིན་ཁུང་ལགས་ཀྱིས་བྲིས་པའི་རྒྱ་འགྱུར་གྱི་དེབ། ཆེས་དགའ་ཤོས་ཀྱི་སློབ་ཚན་ཞེས་པའི་ལེའུ་ལྔ་པ་འཚེ་བ་མེད་པའི་འགོག་བརྒོལ་གྱི་ནང་གསེས། བྱམས་བརྩེའི་དཔལ་འབར་སོགས་ལ་ཞིབ་ཏུ་གཟིགས་ན་མཁྱེན་ཐུབ།
ལྷོ་ཀོ་རེ་ཡ་ལ་མཚོན་ན་ཡང་། སྔར་ནི་རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་སོགས་རྒྱ་ཆེར་བཞུགས་པ་ཡིན་ན་ཡང་། ཁོང་དག་གིས་ནུབ་ཕྱོགས་པའི་དངོས་པོའི་དཔལ་ཡོན་ལ་དང་འདོད་བྱེད་པའི་དུས་མཚུངས་ཡེ་ཚོགས་གོ་སྐབས་རང་ལུགས་པ་དག་གིས་ཡེ་ཤུའི་ལུགས་ཁྱབ་སྤེལ་ཤུགས་ཆེར་བྱས་ཤིང་། ཉེ་བའི་ལྷོ་ཀོ་རེ་ཡའི་སྲིད་འཛིན་སྔ་མ་ཡེ་ལུགས་པ་ཞིག་གིས་རང་གི་གཤམ་འོག་གི་བློན་ཆེན་རིམ་པའི་ལས་ཁུངས་ཀྱི་མགོ་དཔོན་ཚུན་ཆད་ཡེ་ཤུའི་རྗེས་འབྲངས་པ་བསྐོ་འཐེན་བྱས་པ་སོགས་ཕྱོགས་ལྷུང་ཅན་གྱི་ལས་ཀ་གང་དང་ཅི་ལས་པ་དག་ཡུལ་དེའི་ཉམ་ཆུང་ནང་པ་དག་གིས་གསལ་ཐག་ཆོད་ཤེས་ཀྱི་ཡོད། འདི་ཚང་མ་དངོས་ཡོད་ཀྱི་བྱུང་བ་རེད།
རྒྱ་ནག་གི་གསར་བརྗེའི་མེས་པོར་བསྙད་པའི་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཀྱང་ཧོང་ཀོང་ནས་ཡེ་ཚོགས་ཀྱིས་བཙུགས་པའི་སློབ་འབྲིང་ཞིག་ཏུ་སློབ་སྦྱོང་བྱས་ནས་ཕ་ཡུལ་དུ་ཡོང་སྐབས་ཐེངས་དང་པོར་ལྷ་ཆེན་ཡེ་ཤུའི་ཆེད་དུ་རང་ཉིད་ཀྱི་གྲོང་སྡེའི་ནང་གི་སྐུ་འདྲ་རྩ་གཏོར་བྱས་པའི་ལྐུག་རྟགས་ཚ་བའི་ཆོས་ལུགས་གསར་བརྗེ་ལས་ཀ་ཞིག་བྱས་ཡོད། དེ་ནི་ཡེ་ཚོགས་ཀྱི་སློབ་གསོའི་བྱས་འབྲས་རེད། བྱེད་སྟངས་འདིས་སུན་ཀྲུང་ཧྲན་གྱི་མི་ཚེའི་ནང་གི་ཆབ་སྲིད་གསར་རྗེའི་ལས་འགུལ་ལ་ཡང་འགོག་རྐྱེན་དེ་བས་ཆེ་བ་འཕྲད་དུ་བཅུག་ཡོད།
ཐའེ་ཝན་ལ་མཚོན་ན་གཉུག་གནས་མི་རིགས་ལ་ཐོག་མར་སློབ་གྲྭ་འཛུགས་མཁན་དང་སྨན་ཁང་འཛུགས་མཁན་ནི་ཕྱི་གླིང་པ་རེད། ཕལ་ཆེར་ཐའེ་ཝན་ལ་ཧོ་ལན་གྱི་མིས་དབང་བསྒྱུར་བྱེད་པའི་དུས་ཚོད་དང་གཙོ་ཆེར་འབྲེལ། འོན་ཀྱང་ཁོང་ཚོས་ཤུལ་ཏུ་བཞག་པའི་རྩ་ཆེ་བའི་དངོས་རྫས་ནི་ཆོས་ཁང་དང་རྒྱ་གྲམ་གྱི་རྩེ་ཏོག་དག་རེད། དེ་ལྟར་ཡིན་ན་ཡིན་དུ་ཆུག་མོད། བཙན་ཤེད་དང་། གཡོ་སྒྱུའི་ལམ་ནས་ཆོས་སྤེལ་བའི་ལམ་ལུགས་དེ་ད་ཆ་མཚམས་འཇོག་བྱས་ན་ཡག་ཤོས་ཡིན་པ་ཚོར་གྱི་ཡོད། གཞན་དུ་བྱེད་སྟངས་དེ་ནི་གཞི་རྩའི་རྩི་བཀུར་གྱི་གནད་དོན་དང་འབྲེལ་ཞིང་། དེ་ནི་འདོད་མོས་མེད་བཞིན་འཁྲིག་སྤྱོད་བྱེད་པ་དང་གཅིག་པ་རེད།
བོད་དུ་ཡང་ལོ་རྒྱུས་ཀྱི་དུས་ཡུན་ཁྲོད་དུ་ནུབ་ལ་དྭགས་ནས་ཐུར་དང་། ཤར་རྒྱལ་རོང་ནས་གྱེན་དུ་འཛུལ་བ་སོགས་ཐབས་བརྒྱ་ཅུས་གཏོང་གིས་ཆོས་ལུགས་བཙན་སྤེལ་གྱི་ལས་ཀ་བྱས་ན་ཡང་། ད་ལྟའི་བར་ལམ་ལྷོང་ཉུང་ཉུང་ཙམ་ཞིག་མ་གཏོགས་བྱུང་མི་འདུག ཁོང་ཚོས་ལག་རྗེས་གང་བཞག་པ་དེ་ནི། རྒྱ་རྗེ་ཤྭ་ར་ཐང་དང་། སྨར་ཁམས་ཀྱི་ཕྱོགས། དར་རྩེ་མདོ་སོགས་སུ་རྗེས་འཇུག་པ་ཉུང་ཉུང་ཞིག་བྱུང་འདུག་ལ་ཆོས་ཁང་ཡང་གཅིག་གཉིས་ཞིག་རྒྱབ་ཡོད་སྐད།
འོན་ཀྱང་ཁོང་ཚོའི་བཤད་སྟངས་ལྟར་བྱས་ན། དེ་ནི་གདུག་རྩུབ་ཅན་གྱི་བླ་མ་གྲྭ་པ་དག་གིས་བཀག་འགོག་བྱས་པའི་དབང་གིས་སྤེལ་མ་ཐུབ་པ་རེད་ཅེས་ཟེར། ད་དུང་ཀླ་ཀློ་དང་མུན་ནག་ནས་སྣང་བ་དང་འོད་ཀྱི་ཕྱོགས་སུ་འགྲོ་དགོས་ན་ཡེ་ཤུའི་ཆོས་ལུགས་མ་གཏོགས་ཡོད་པ་མ་རེད་ཟེར། དེའི་ཕྱིར་ད་ཆ་ས་ཆ་མང་པོ་ཞིག་ན་ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཚོགས་པ་མང་པོ་བཙུགས་ནས་གཞོན་སྐྱེས་དག་ལ་སླུ་བྲིད་བྱེད་ཀྱི་ཡོད།
ཐའེ་ཝན་དུ་ཡང་ཡེ་ཤུ་པ་རྣམས་ཀྱི་སློབ་གྲྭ་བཙུགས་ནས་ཆོས་ལུགས་དད་མོས་ཀྱི་ཆ་རྐྱེན་འོག་ནས་སློབ་དངུལ་རོགས་སྐྱོར་སོགས་བྱེད་བཞིན་ཡོད།དེ་ནི་ཁོང་ཚོས་ད་བར་ཆ་རྐྱེན་དང་འབྱོར་བ་ཞན་པའི་ཡ་གླིང་གི་སྤྱི་ཚོགས་ཀྱི་ཕ་མེས་ཀྱི་རིག་གནས་སེམས་ཁམས་དང་ཆོས་ལུགས་དད་མོས་བསྒྱུར་ཏེ། ཁོ་ཚོའི་ཆོས་ལུགས་རྒྱ་བསྐྱེད་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཡིན།
༣༽ བཙན་ཚུགས་ཀྱི་ངན་གཤིས།
ང་ཉེ་ཆར་ཐའེ་ནན་གྱི་ཆོས་ཚོགས་ཤིག་ཏུ་ཡོད་སྐབས། སློབ་མ་ཞིག་གིས་ཆོས་ཚོགས་རང་དུ་ཁོང་ཉིད་སློབ་ཆེན་སྐབས་ཀྱི་དགེ་རྒན་དང་ཁ་བརྡ་བྱས་ཤིང་། དགེ་རྒན་དེ་ནི་ཐའེ་ནན་ཏུ་ཡོད་པའི་ཐའེ་ཝན་ཁྲིན་ཀོང་སློབ་གྲྭ་ཆེན་མོའི་དགེ་རྒན་རེད། མོས་བཤད་ན། ཁོང་ལ་སྔར་འབྲེལ་ལམ་ཡག་པོ་ཡོད་པའི་གྲོགས་པོ་ཞིག་ཡོད་ཅིང་། གྲོགས་པོ་དེས་ནམ་རྒྱུན། ངའི་རེ་བ་ཆེ་ཤོས་ནི་རྒན་ལགས་ལས་འཁྱུར་ངལ་གསོ་གནང་སྐབས་ཡེ་ཤུའི་ཆོས་ཚོགས་སུ་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་ལབ་ཀྱིན་ཡོད་ཟེར། མོ་ནི་ཤེས་རབ་སྙིང་པོ་ཁ་ཏོན་དུ་བྱེད་མཁན་གྱི་ནང་པ་དཀྱུས་མ་ཞིག་རེད། འོན་ཀྱང་བཙན་གཡེམ་མཁན་དེ་དག་གིས་ཡེ་གདོད་མ་ནས་གཞན་གྱི་དད་མོས་ལ་ཆེ་མཐོང་སྤྲད་མ་མྱོང་།
མ་གཞི་གཞན་ལ་ཆོས་སློབ་པར་བསྐུལ་བ་ཙམ་སྡུག་ཅག་རེད་ཟེར་གྱི་མེད་ན་ཡང་། ཁོང་ཚོས་མི་གཞན་གྱི་མི་འདྲ་བའི་དད་མོས་དང་། མི་འདྲ་བའི་རིག་གནས། མི་འདྲ་བའི་སེམས་ཁམས་བཅས་ལ་བརྩི་མཐོང་སྤུ་རྩེ་ཙམ་ཡང་མི་བྱེད་པ་དེ་ངས་བཟོད་སྒོམ་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་ཤོས་ཤིག་ཡིན།
༤༽བཙན་གཡེམ་ཐེངས་གཉིས་ཀྱི་མྱོང་ཚོར།
གནས་སྟངས་འདི་རིགས་ལ་ང་རང་ཡང་ཐེངས་མང་འཕྲད་ཟིན། དེའི་ནང་གི་གཅིག་ནི་ངས་ཧ་ཅང་མངོན་ཚན་ཆེ་བའི་གྲྭ་ཆས་འདི་གྱོན་ནས་ཐའེ་ཝན་གྱི་ས་འོག་མེ་འཁོར་དུ་འགྲོ་བཞིན་པའི་སྐབས་ཀྱི་ཉམས་མྱོང་ཞིག་ཡིན། སྐབས་དེར་ང་ཐའེ་ཝན་གྱི་གཉུག་གནས་མི་རིགས་ཀྱི་གདོང་དབྱིབས་ཅན་གྱི་བུད་མེད་ཅིག་དང་འཕྲད་ཅིང་། བུད་མེད་དེས་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་ངའི་གདོང་ལ་འཛུབ་མོ་བཙུགས་ཏེ་སྐད་གསེང་མཐོན་པོས། ཁྱོད་ནི་ཉེས་ཅན་པ་ཞིག་རེད། ཁྱོད་ལ་གཙོ་བོ་དཀོན་མཆོག་མ་གཏོགས་གཞན་གང་གིས་ཀྱང་རོགས་པ་བྱེད་ཐུབ་ཀྱི་མ་རེད་ཟེར། ང་གཉིས་དེ་མུར་ཁ་རྩོད་ཡུན་རིང་ཞིག་བྱས་པ་ཡིན། མཇུག་མཐར་ངས་མཐེ་བོང་གེར་ནས། ང་ལ་ནག་ཉེས་ཡོད་ཙང་། ནག་ཉེས་དེ་ལས་ཐར་བའི་ཆེད་སངས་རྒྱས་བདམས་པ་རེད་ལ། ཁྱོད་ཀྱིས་ཡེ་ཤུ་བདམས་པ་རེད། ངས་ཁྱེད་རང་གི་ཆོས་ལུགས་དང་དད་མོས་ལ་བརྩི་བཀུར་ཡོད། ངས་གང་གྱོན་བཞིན་པ་འདི་ནི་ཧ་ཅང་མངོན་གསལ་དོད་པའི་སངས་རྒྱས་ཀྱི་རྗེས་འཇུག་ཞིག་གི་རྟགས་མཚན་རེད། མ་མཐར་ཡང་། ཁྱེད་ཀྱིས་ངའི་དད་མོས་ལ་རྩི་བཀུར་ཅུང་ཟད་བྱས་ན་མི་ཆོག་གམ་ཞེས་ཞུ་བ་འཐེན་པ་ཡིན། འོན་ཀྱང་ཁོང་ཚོའི་ཧམ་པ་དང་སླུ་སེམས་ནི་ཡོངས་སུ་རྒྱ་ཡན་ཏུ་གྱུར་ཟིན།
ཉམས་མྱོང་གཞན་ཞིག་ནི་ང་འཕགས་ཡུལ་རྫོང་སར་ན་ཡོད་དུས་སུ་རེད།
རྒྱུན་ལྡན་བཞིན་ཕྱི་དྲོ་ཆུ་ཚོད་གསུམ་པར་བཤད་གྲྭའི་རུང་ཁང་གི་སྒོ་ནས་ཇ་བརྡ་བརྒྱབ་བྱུང་། སྐྱོར་སྦྱང་ལ་ཕེབས་པའི་དགེ་འདུན་པ་དག་ཀྱང་དངོས་གཙང་བའི་གྲྭ་ཆས་མནབས་ཤིང་། ཕྱག་ཏུ་ཤོ་ཀ་ལི་ཐོགས་ཏེ་རིམ་གྱིས་གྲོལ་ཡོང་གིན་འདུག ང་ཚོ་རྩོམ་སྒྲིག་ཁང་གི་ལས་བྱེད་པ་དག་ཀྱང་རྒྱུན་ལྡན་བཞིན་ལས་ཁང་ནས་ཇ་འཐུང་སར་ཕྱིན་ཅིང་། རུང་ཁང་གི་སྒོ་འགྲམ་གཡས་གཡོན་ནས་གྲྭ་པ་རྣམས་དང་ཁ་བརྡ་ཀློད་ནས་ཏོག་ཙམ་བསྡད་པ་ཡིན། ཅུང་མ་འགོར་བར་གྲྭ་པ་འགའ་ཞིག་གི་ཕྱག་ཏུ་དེབ་ཆུང་རེ་ཁུར་ནས་ང་ཚོའི་ཕྱོགས་སུ་སླེབས་བྱུང་ཞིང་། དེབ་དེ་ནི་རང་གིས་རང་ལ་ཡེ་ཤུའི་སྲས་སམ་དྲང་སྲོང་གཞོན་ནུ་ཞེས་འདོགས་མཁན་གྱི་ཡེ་ཤུའི་ཆོས་ལུགས་ལ་ཞུགས་པའི་ཧིན་རྡི་པ་ཞིག་གི་ལོ་རྒྱུས་ཉེ་ཆར་མེག་ལོར་གྷན་ཇི་ན་བཀྲམ་བཞིན་འདུག་པ་དེ་རེད་འདུག ངས་ཀྱང་ཚར་གཅིག་བལྟས་ཟིན། གཏམ་རྒྱུད་ཀྱི་ནང་དོན་བདེན་པ་ཡིན་མིན་ནི་སྐད་ཆ་གཞན་ཞིག་རེད་དེ། ཡང་སུ་ཞིག་གིས་ང་ཚོའི་ཁོར་ཡུག་འདིར་དམིགས་ཡུལ་ཡོད་པའི་ཐོག་ནས་འཕྲིན་པ་འདི་བསྐྱེལ་བཞིན་ཡོད་པ་ངས་ལམ་སང་ཚོར་བྱུང་། དེ་རྗེས་སླར་ཡང་འདུ་ཁང་གི་སྒོ་འགྲམ་ལ་ཕར་ལྟ་སྐབས། ཕ་གིར་མགོ་སེར་གཉིས་གསུམ་ཞིག་གིས་ཡིན་ཅོག་ཅོག་གིས་ཡར་ཕེབས་མ་བཞུད་གནང་བཞིན་པའི་དགེ་འདུན་པ་དག་ལ་ཡེ་ཤུའི་ཆོས་ལུགས་ཀྱི་འཕྲིན་པ་སྐྱེལ་བཞིན་པ་མཐོང་བྱུང་། སྐབས་དེར་ངས་ཁོང་ཚོས་འཕྲིན་ཡིག་བསྐྱེལ་སའི་ཡིག་སྣོད་དེ་སངས་རྒྱས་ཀྱི་སྒོ་འགྲམ་རང་མ་ཡིན་ན་ཆོག་པ་ལ་ཨང་སྙམ་བྱུང་། གནས་ཚུལ་འདི་ནི་ང་ལ་མཚོན་ན་དང་ལེན་བྱ་ཐབས་མེད་པ་ཞིག་རེད། སྐབས་དེར་ཐད་ཀར་ང་ཁོང་ཚོའི་འགྲམ་ཏུ་ཕྱིན་ནས་ག་རེ་བྱེད་ཀྱིན་ཡོད་ཅེས་ལབ་པ་དང་། ཁོང་ཚོས་ལམ་སང་དེབ་ཀྱི་ནང་དོན་ཡེ་ཤུ་དང་འབྲེལ་བ་ཡོད་པ་ལས་གཡོལ་ཐབས་བྱེད། འོན་ཀྱང་ངས་ཀ་ཀོར་མེད་པའི་ཐོག་ནས་ཁྱེད་ཚོའི་ལས་ཀ་བྱེད་སྟངས་འདི་ནོར་བ་རེད་ཅེས་ལབ་པ་ཡིན། ཁོ་ཚོའི་ལྷ་ཆད་དང་ལྷ་ཆད་ཀྱི་ལྷན་ཐབས་དག་ཕྱི་ལོགས་སུ་རྣམ་བཅུ་དབང་ལྡན་གྱི་རི་མོ་ཡོད་པའི་སངས་རྒྱས་ཁུག་མ་སེར་པོ་ཞིག་གི་ནང་དུ་བཅུག་འདུག ཁོ་ཚོས་ད་དུང་༸རིན་པོ་ཆེས་ཆོས་ལུགས་ཚང་མ་གཅིག་པ་རེད་ལབ་ཀྱི་ཡོད་པ་རེད་ཅེས་ཟེར། ངས་རིན་པོ་ཆེས་ཆོས་ལུགས་ཕན་ཚུན་ལ་བརྩི་འཇོག་དགོས་གསུངས་པ་བདེན་ན་ཡང་། ཆོས་ལུགས་གཡོ་ཐབས་ཀྱིས་སྒྱུར་བ་ནི་༸རིན་པོ་ཆེ་ཐུགས་ཆེས་མི་མཉེས་ས་དེ་རེད་ཅེས་བཀའ་སློབ་ཞིག་ལུང་འདྲེན་བྱས་པ་ཡིན།
ད་དུང་མཇུག་སྣོན་གྱི་ཚུལ་དུ། ༸རིན་པོ་ཆེས། ཆོས་ལུགས་གཅིག་ལ་དད་མོས་བྱེད་བཞིན་པར་ཁས་འཆེ་བཞིན། ད་དུང་ཆོས་ལུགས་གཉིས་པ་ཞིག་ལ་ཡང་ཉམས་ལེན་བྱེད་བཞིན་ཡོད་པར་ཤོད་མཁན་དེ་རིགས་ནི་དྲང་པོ་མ་རེད་ཅེས་གསུངས་མྱོང་བའི་བཀའ་མོལ་ཞིག་ཀྱང་ལུང་དུ་དྲངས་པ་ཡིན།
ད་དུང་། ཁྱེད་ཚོས་རང་ཉིད་ཀྱི་ཁོར་ཡུག་གམ། ཡང་ན་སྐྱེ་བོ་སུ་ཞིག་གིས་ཁྱེད་ཚོར་འབྲེལ་བ་བྱས་ནས་ཆོས་སློབ་འདོད་བྱེད་པ་དེར། ཁྱེད་ཚོས་དང་ལེན་དང་གསོ་སྐྱོང་བྱས་ན་དེ་ནི་ཤིན་ཏུ་འགྲིགས་པ་ཞིག་རེད་མོད། དགོན་པའི་བཤད་སྒྲུབ་ཀྱི་བསྟི་གནས་དག་གི་མཚམས་ཀྱི་ར་བའི་ནང་དུ་ཤད་དེ་འཛུལ་ཞིང་། མངོན་སུམ་འཛེམས་མེད་དུ་ཆོས་ལུགས་ཀྱི་བཙན་འཛུལ་བྱེད་པ་ནི་དོན་ལ་མཐོང་ཆུང་རེད། ང་ཚོའི་རྣམ་རིག་གིས་ཁྱེད་ཚོའི་རྒྱ་ཡན་གྱི་འགུལ་སྐྱོད་འདི་རིགས་གཏན་ནས་ཚོར་གྱི་མེད་པར་བསམ་གྱི་ཡོད་ན་དེ་ནོར་བ་རེད་ལ། ཆེད་དུ་སངས་རྒྱས་ཁུག་མའི་ནང་དུ་ལྷ་ཆད་བཅུག་ནས་ཁུར་བ་ནི་ལུག་མགོ་བསྟན་ནས་ཁྱི་ཤ་བཙོང་བ་དང་གཅིག་པ་རེད་ཅེས་ལབ་པ་ཡིན།
སྐབས་དེར་ངས་གཙུབ་སྤྱོད་དང་ཁོང་ཁྲོའི་རྣམ་འགྱུར་གང་ཡང་བསྟན་མེད་མོད། སྐད་ཆ་བཤད་པའི་སྐབས་སུ་ངའི་མིག་གིས་ཐད་ཀར་ཁོང་ཚོའི་མིག་ལ་བལྟ་བཞིན་ཡོད། གང་ཞིག་བཤད་པ་དེ་ནི་རྒྱུ་མཚན་ལྡན་པ་དང་ཧ་ཅང་དོ་དོ་དན་དན་ཡིན།ཁོང་ཚོ་དེ་མུར་ཕྱི་ལ་ཐོན་ཅིང་། ཅི་ཞིག་ལམ་ལྷོང་མ་བྱུང་བ་ལྟར་སྒོ་ཆེན་གྱི་འགྲམ་ངོགས་དེ་ནས་ཕན་ཚུན་སྐད་ཆ་ཤོད་རེས་བྱེད་བཞིན། འཚོགས་ཙམ་འཚོགས་ཙམ་བྱས་ཏེ་ས་ཆ་དེ་ནས་ཁ་གྱེས་སོང་།
༥༽ཆོས་ལུགས་བཙན་བཙན་སྤེལ་དང་དེའི་མཐུན་སྦྱོར།
ཁོང་ཚོས་ཆོས་སྤེལ་སྟངས་ཀྱི་ཨུ་ཚུགས་ལ་འདོད་མོས་མེད་པར་མ་ཟད། ཆོས་ལུགས་བཙན་སྤེལ་མཁན་དག་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་མཐུན་སྦྱོར་བྱེད་པར་ཡང་མོས་མཐུན་མེད། རྫོང་སར་དང་རྡ་ས་སོགས་སུ་བཀྲམ་བཞིན་པའི་ཡེ་ཚོགས་ངོ་སྤྲོད་ཀྱི་དེབ་ཁག་ཅིག་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཅིག་གིས་བོད་བསྒྱུར་གྱི་རོགས་པ་བྱས་འདུག་ལ། བོད་ནང་དུ་ཡང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཐོག་ནས་ཡེ་ཚོགས་ལ་མཐུན་སྦྱོར་བསྐྲུན་མཁན་གྱི་ཚོགས་པ་དང་མི་སྒེར་ཉུང་ཤས་ཡོད་སྲིད་ན་དེ་དག་ནི་ངའི་ངོས་ནས་མ་འགྲིག་པར་ལྟ་གིན་ཡོད།
རྡ་ས་ནི་འཕགས་མི་དངོས་སུ་བཞུགས་པའི་ང་ཚོའི་ཆོས་རིག་གི་ལྟེ་བ་སྟེ། ལྷ་ས་ཆུང་ཆུང་ཞིག་ཡིན་ན་ཡང་། ཁོང་ཚོས་དེ་ཡང་བློས་བཏང་མེད། ཁོང་ཚོས་བོད་པའི་གཞོན་སྐྱེས་དབྱིན་ཡིག་ཤེས་འདོད་བྱེད་པ་དང་།ཕྱི་རྒྱལ་ལ་འགྲོ་འདོད་ཆེ་བ། དངོས་ཡོད་ཀྱི་ཆ་རྐྱེན་ཞན་པ་བཅས་ཀྱི་གནས་སྟངས་ལ་ཧ་ཅང་ཚོད་ཐིག་པོའི་ཁོག་རྩིས་བརྒྱབ་པའི་དུས་མཚུངས་སུ་བོད་ཀྱི་ཆོས་དང་ཆོས་ཀྱི་རྗེ་དག་མིག་ལམ་ནས་བོར་ཡོད། ང་ཚོ་རིག་གཞུང་བཙན་རྒྱལ་རིང་ལུགས་པ་ཞིག་གི་གཉའ་གནོན་ལ་གཟས་པའི་སྐད་འབོད་མ་འཇགས་པའི་གནས་སྐབས་དེ་ཀ་རང་དུ། སླར་ཡང་རྣམ་པ་མི་འདྲ་བའི་རིག་གཞུང་བཙན་རྒྱལ་རིང་ལུགས་ཀྱི་གཡོ་སྒྱུའི་དྲ་བར་འཛུལ་དགོས་པ་ནི་ང་ཚོར་མཚོན་ན་བཟོད་བརླག་མེད་པའི་ཕམ་ཁ་དང་། ཚབ་ཆེའི་བརྙས་བཅོས་ཤིག་མ་རེད་དམ།
ང་ཚོས་ཁོང་ཚོར་ཡིག་ཆ་སྒྱུར་མཁན་མི་རག་པ་དང་། བསྒྱུར་ཀྱང་འགྲེམ་མཁན་མི་རག་པ། བཀྲམ་ཡང་ལེན་མཁན་མི་རག་པ་ཞིག་བྱེད་དགོས། མི་མང་གིས་ཀྱང་ཡེ་ཤུའི་ཆོས་ལུགས་ནི་མི་སྟེགས་པའི་ལུགས་ཡིན་པ་དང་། ཁྱད་པར་ཆོས་ལུགས་བཙན་སྤེལ་མཁན་དག་ནི་ང་ཚོའི་ཆོས་དང་རིག་གཞུང་མེད་པ་གཏོང་མཁན་གྱི་རིག་གཞུང་བཙན་རྒྱལ་རང་ལུགས་པ་ཟེར་བ་དེ་ཡིན་པ་ཧ་གོ་དགོས་ཞིང་། མདོར་ན་དེ་ལྟར་ངོས་འཛིན་བྱེད་དགོས། དེ་ལ་གནོན་ཤུགས་ཟེར། མི་མང་གིས་ཀྱང་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་མཁན་ལ་མཐོང་དང་བག་ཆགས་ལེགས་པོ་མེད་པའི་མཐོང་སྣང་བསྐྲུན་དགོས། འདི་ནི་ཐབས་ལམ་ཡིན། མཚེ་མེད་ཞི་བའི་འཐབ་རྩོད་ཀྱི་གཞུང་ལས་བྱུང་བའི་མཐུན་ཐབས་མི་བྱེད་པ་སོགས་ཀྱི་རིགས་ལམ་སྤྱད་དེ་ཁོང་ཚོ་ཆགས་ས་དང་གནས་ས་མེད་པ་ཞིག་བཟོ་དགོས། བོད་པ་ཤེས་ཡོན་པས་ཁེ་དངུལ་བླངས་ནས་ཡེ་ཤུའི་ལྷ་ཆད་དང་། ཁོང་ཚོའི་ཆོས་ལུགས་ཀྱི་སྐད་ཆ། བརྙན་འཁོར་སོགས་བོད་བསྒྱུར་བྱས་ན་དེ་ནི་རྒྱལ་ཁབ་ཉམ་ཆུང་བའི་སྐབས་སུ་དགྲ་བོ་ལས་རྔན་པ་བླངས་ནས་རྒྱལ་ཁབ་ཀྱི་གསང་བ་འཚོངས་པར་བྱེད་པ་ལྟར་ལྟ་དགོས། མི་རྣམས་ཀྱི་སེམས་སུ་ཆོས་ལོག་སྤེལ་བ་ནི་ཆོས་ལུགས་ཀྱི་དད་མོས་བཀག་སྡོམ་བྱེད་པ་ལས་ཀྱང་བརྒྱ་འགྱུར་གྱིས་སྡུག་པ་ཡིན། ཚུལ་འདི་ངས་སྔ་མོ་ཞིག་ལ། དྲ་གྲོགས་ཞིག་གིས་དྲ་ཐོག་ཏུ་ཡེ་ཤུའི་ལྷ་ཆད་ཀྱི་སྐོར་མཚམས་སྦྱོར་བྱས་པའི་ཞབས་མཆན་དུ་འདི་ལྟར།༼་་་་་་་་་་ ང་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་སྤྱིའི་རིང་ལུགས་པ་ཞིག་ལ་སློབ་སྦྱོང་བྱེད་སྙམ་པ་ཞིག་ཡིན་ལ། ང་རང་ངོས་ནས་དེབ་འདི་རིགས་ལྟ་རྒྱུར་ཐེ་ཚོམ་གང་ཡང་མེད་ན་ཡང་། ང་ཚོའི་ཁོར་ཡུག་འདིར་ཡེ་ཤུ་ནང་འདྲེན་གྱི་རོགས་པ་དགོས་པ་ཆེར་མི་འདུག་པས་ཡེ་ཤུའི་ལྷ་ཆད་ཁུར་ནས་ངའི་སྤྱི་ཚོགས་ཆུང་ཆུང་འདི་ལ་མགོ་རྙོག་མ་བཟོ་རོགས། ཡེ་ཤུའི་ཆོས་ལུགས་པ་ཚོས་དྲག་པོའི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་ཆོས་ལུགས་སྤེལ་བའི་དུས་ཚོད་ཡོལ་བ་དང་། སླར་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་བཙན་འཛུལ་བྱེད་བཞིན་ཡོད། ཁྱད་པར་རིག་གནས་ཀྱི་སེམས་ཁམས་དང་ཆོས་ལུགས་ཀྱི་དད་མོས་རང་རྐྱ་ཐུབ་པ་ཡོད་པའི་ཤར་ཕྱོགས་པའི་ཁྲོད་དུ་ང་རྒྱལ་ཆེན་པོས་དཔུང་འཇུག་བྱེད་བཞིན་པའི་སྣང་ཚུལ་དང་མཇུག་འབྲས་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་གཏན་ནས་མི་འཐད། ངའི་གྲོགས་པོ་ཀླུ་སྨྱོན་ཡིནའང་འདྲ། སུ་ཞིག་གིས་ཀྱང་ལས་ཀ་འདི་རིགས་ལ་ཡ་མཚན་འདོག་གིས་ངོ་སྤྲོད་བྱེད་པར་རང་ངོས་ནས་མོས་མཐུན་མེད། ཁོང་ཚོར་དོན་དམ་པའི་གཞན་གྱི་རིག་གནས་དང་སེམས་ཁམས་ལ་རྩི་བཀུར་བྱེད་པའི་གཤིས་ཀ་མེད། མདོར་ན་ངའི་སྤྱི་ཚོགས་འདིར་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་སླེབས་པ་ནི་ཐུན་མོང་ཐོན་བསྐྱེད་ཚོགས་པ་ལས་ཀྱང་མཇུག་འབྲས་ངན་པ་ཡིན། ང་ཚོའི་སེམས་ཁམས་འདི་ས་ཞིང་ཞིག་ཡིན་པའི་དབང་དུ་བཏང་ན། ཐུན་མོང་ཐོན་ཚོགས་ཀྱིས་ནི་རེ་ཞིག་ས་ཞིང་དེར་ས་བོན་འདེབས་མི་འཇུག་པ་ཙམ་ཞིག་བྱེད་པ་ཡིན་ལ། ཡེ་ཤུ་བས་ནི་ས་ཞིང་དེ་ཆུས་བཤལ་ནས་བཤིན་ས་ཡོངས་རྫོགས་གཏན་ནས་སྣུབ་པར་བྱེད་པ་ཡིན། དད་མོས་ཀྱི་བཙན་འཛུལ་དང་དེའི་མཐུན་རྐྱེན་དུ་འགྲོ་བའི་རིགས་གང་ལ་ཡང་དགའ་བསུ་མི་བྱེད། ༽
ཅེས་བྲིས། ད་དུང་ཡེ་ཤུའི་སྐྱེ་སྐར་གྱི་ཉིན་མོ་རྡ་སའི་བོད་པ་གྲོགས་པོ་ཞིག་གིས་རང་གི་ངོ་དེབ་ཏུ། དགོན་པ་ཞིག་གི་བླ་མ་གྲྭ་པ་འགས་འདུ་ཁང་སྒོ་གསེང་ནས་ཡེ་ཤུའི་སྐྱེ་སྐར་གྱི་ཨ་མྱེའི་ཞྭ་མོ་དམར་པོ་དེ་གྱོན་ནས་སྐེ་སོ་བྱེད་བཞིན་པའི་འདྲ་པར་ཞིག་བཞག་ནས་རྟེན་འབྲེལ་གྱི་ཁ་གཡང་བྱེད་ཀྱིན་ངོམ་སོ་ལྟ་བུ་བྱེད་ཀྱིན་འདུག་པར་ཡང་ངས་ངོ་རྒོལ་གྱི་ཞབས་མཆན་མང་པོ་བཏབ་པ་ཡིན།
དེ་དུས་དང་། དེ་ལས་སྔ་བར་ངས་རང་ཉིད་ཀྱིས་འདིའི་སྐོར་ལ་ལྟ་སྟངས་གང་ཡིན་པ་གསལ་བརྗོད་བྱ་རྩིས་ཡོད་པ་ཡང་ཡང་བཤད་མྱོང་།
མདོར་ན་ཤེས་ཡོན་པའི་སྡེ་དང་། མི་མང་དཀྱུས་མིའི་སྡེ། ད་དུང་སྤྱི་ཚོགས་ཀྱི་ཐོག་ཏུ་གོ་གནས་དང་ཤུགས་རྐྱེན་ལེགས་པོ་ཡོད་ཅིང་། ཆོས་ལུགས་ཀྱི་འགན་འཁྲི་ཚད་མཐོ་ཤོས་ཡོད་པའི་དགེ་འདུན་པ་བཅས་ནས་ཀྱང་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་རིང་ལུགས་པའི་བྱེད་ཐབས་ལ་ངོས་ལེན་མེད་པའི་བརྡ་ལན་གསལ་པོ་སྟོན་དགོས།
༦༽ཆོས་ལུགས་བཙན་འཛུལ་ལ་ངོ་བརྒོལ།
མ་གཞི་ཆོས་ལུགས་ཀྱི་བཙན་འཛུལ་ནི་ང་ལ་མཚོན་ན་ཚོར་བ་ཧ་ཅང་རྣོ་བའི་བརྗོད་གཞི་ཞིག་ཡིན།
ངས་འདིའི་ཐད་ལ་མཐུན་ཐབས་ཀྱི་སྐད་ཆ་སྙན་མོ་དེ་ཚོ་བཤད་རྩིས་མེད། ང་ཚོ་བོད་ནི་ངེས་པར་དུ་སངས་རྒྱས་ཆོས་ལུགས་ཀྱིས་བསམ་བློའི་སྲོག་འཛིན་པའི་མི་རིགས་ཤིག་ཡིན། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་ནང་བསྟན་གྱི་བསམ་བློ་ཡོད། ང་ཚོའི་གོམས་སྲོལ་དང་སྤྱོད་ལམ། བརྡ་སྤྲོད་དང་རིག་གནས་རེ་རེ་ལ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཉམས་ལེན་གྱི་བསམ་བློའི་ཁྲག་རྒྱུན་གྱིས་ཁྱབ་ཡོད་ཅིང་། ཤུགས་རྐྱེན་དེ་དག་ནི་ཆུ་ལ་ཆུ་བཞག་ལྟ་བུའི་འབྲེལ་བ་ཞིག་སྟེ། མདོར་ན་ང་ཚོའི་རིག་གནས་ནི་ནང་བསྟན་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པའི་གཞི་གྲུབ་གཞན་ཞིག་ཡིན། སུས་དད་མོས་འདི་ལ་ཉེས་བཅོས་བྱས་པ་དེས་མི་རིགས་འདིའི་རིག་གནས་ཀྱི་སེམས་ཁམས་ཧྲིལ་པོ་ལ་བཙན་འཛུལ་གྱི་མགོ་བཙུགས་པ་ཡིན། ངས་རྒྱལ་སྤྱིའི་རིང་ལུགས་ཀྱི་ཁ་གཡང་གི་བཤད་ཡམ་དང་། ཚོར་བས་མ་ཟིན་པ་དང་བྱིས་བློ་ཅན་གྱི་གཞུང་ལུགས་ཀྱི་སྐད་ཆ་ཤོད་སྟངས་དག་དེ་རིང་བརྗེད་པ་བྱེད་ཀྱི་ཡིན། ཐད་ཀར་ཞུ་འདོད་པ་ཞིག་ནི། ལས་ཅི་ལ་ཐུག་ཀྱང་། ང་ཚོའི་ཁ་བ་གངས་རིའི་ལྗོངས་འདི་ཆོས་ལུགས་གཞན་གྱི་བསྟི་གནས་ཞིག་ཏུ་མ་གྱུར་པ་ཞིག་དགོས། ང་ཚོས་མཐོང་མི་འདོད་པ་ནི་ཉི་མ་གཅིག་ལ་པ་ཀི་སི་ཐན་དང་ཨ་ཧྥི་གྷནྣི་སི་ཐན་ལྟར་ནང་བསྟན་རིག་རྫས་ཀྱི་གྱང་རོ་ཙམ་ཞིག་ལྷག་མར་ལུས་པ་དེ་ཡིན། ངས་ནམ་རྒྱུན་མི་རིགས་རུས་རྒྱུད་ཀྱི་གནད་དོན་ཙམ་ཞིག་དང་། ཡང་ན་རྒྱལ་ཁོངས་ཀྱི་དབྱེ་མཚམས་ཙམ་གྱིས་ང་ཚོའི་ལས་དབང་ལ་ལྟ་གིན་མེད། ང་ཚོས་སྐད་ཆ་བཤད་ས་ཚང་མ་ནས་ཆོས་དང་རིག་གཞུང་ཅེས་བརྗོད་བཞིན་པའི་ཚིག་འདི་གཉིས་དངོས་གནས་ཆེས་ཐ་མའི་འབབས་ས་རེད། བོད་ལ་མཚོན་ན་ཆོས་དང་རིག་གཞུང་ཉམས་རྒུད་དུ་གྱུར་ཟིན་ན་དེ་ནས་འཛམ་བུ་གླིང་གི་སྒང་ལ་སླར་ཡང་དང་བ་འདྲེན་པའི་བརྗོད་གཞི་གཞན་ལྷག་མེད་པ་ལྟ་བུ་རེད། ངས་ཉིས་སྟོང་བཅུ་གཉིས་ལོར་རྒྱ་ནག་གི་ནོ་ཝེར་འཛུགས་སྐྲུན་གྱི་བྱ་དགའ་ཐོབ་མཁན་སྐྱེས་ཆེན་ཝང་ཧྲུ་ལགས་ཀྱི་བརྒྱུད་ལམ་ཁག་ལ་གནང་བའི་བཀའ་མོལ་ཞིག་ལ་ཉན་ཞིང་། ཁོང་གིས། རྒྱ་ནག་གིས་ལོ་ངོ་ལྔ་བཅུར་ཉེ་བའི་རིང་ལ་སྲོལ་རྒྱུན་འཛུགས་བསྐྲུན་གྱི་མཛེས་པ་ཡོངས་སུ་བརྗེད་པ་བྱས་ཡོད། ཅེས་ཡིད་གདུང་ཆེན་པོས་ཐེར་འདོན་གནང་གིན་འདུག དེ་བདེན་པ་རེད། འོན་ཀྱང་ང་ཚོ་འདི་ལྟ་བུའི་ཁོར་ཡུག་ཅིག་ཏུ་འཚོ་ཞིང་། ཁོར་ཡུག་འདིའི་ཤུགས་རྐྱེན་དང་འགྲོགས་ཆེས་པས་མང་པོ་ཞིག་གིས་རང་གི་ཆོས་དང་རིག་གཞུང་གི་རིན་ཐང་དང་ལེགས་བྱང་དག་རིམ་གྱིས་བརྗེད་པར་བྱེད་རྩིས་འདུག ངས་ཀྱང་ཉིན་རེ་བཞིན་བོད་ཀྱི་དྲ་ཚིགས་དག་གི་ཐོག་ནས་མེས་པོ་གོང་མ་དག་དང་། དེ་དག་གི་བསམ་བློ་ལ་ངན་སྨོད་བྱེད་པའི་ཞབས་མཆན་མང་པོ་དག་མཐོང་བ་དང་ང་ཚོའི་ལེགས་བྱང་གི་ཚད་གཞི་ལ་སེམས་ཁུར་གྱི་ཚོར་སྣང་སྐྱེ་མགོ་ཚུགས། ཚོར་སྣང་དེ་དག་ནི་ཚད་མེད་པའི་སྐྱོ་ཤས་ཤིག་རེད། འོན་ཀྱང་སྔ་ཕྱི་ཙམ་ལས་འབྱུང་འགྱུར་གྱི་ཆ་ལ་རིམ་གྱིས་ངོས་འཛིན་བསྐྱར་མ་ཞིག་ཐོབ་རྒྱུ་ནི་གཏན་ཁེལ་བ་རེད། ང་འདི་ལ་ཡིད་ཆེས་ཡོད། གནམ་ངོ་ནི་རྟགས་དུ་འཐིབས་ཏེ་གནས་པ་ཞིག་མ་རེད།
མདོར་ན། སྙན་ངག་ལ་སྲོག་དགོས་པ་བཞིན་རིག་གཞུང་ལ་སྲོག་དགོས། བོད་ཀྱི་ནང་ཆོས་ནི་བོད་ཀྱི་རིག་གཞུང་གི་སྲོག་ཡིན། ནམ་ཞིག་རིག་གཞུང་གི་བེམ་པོ་འདིའི་ཁོག་ཏུ་རླུང་སེམས་གཞན་ཞིག་ཞུགས་པའི་ཉིན་མོ་དེར་སླར་ཡང་ཡམ་ཡོམ་དུ་གཡོ་བའི་འགུལ་སྐྱོད་ཅིག་ཡོད་སྲིད་ན་ཡང་། དེ་ལ་བོད་ཀྱི་སྐད་དུ་རོ་ལངས་ཞེས་ཟེར་ཞིང་། དེ་ནི་ངས་ལྟ་ན་འདོད་ཅིང་གཅེས་ན་བསམ་པའི་རིག་གཞུང་གི་སྙིང་སྡུག་དེ་མིན། སྐབས་དེར་ངས། ཞི་བ་ལྷའི་གསུང་གི གཡོ་བའི་རུས་གོང་གིས་ཁྱབ་པའི།།གྲོང་གི་དུར་ཁྲོད་ལ་དགའ་འམ། །ཞེས་པའི་ཚིག་འདི་འདོན་པ་བསྒྱུར་ནས་བསྐྱོར་ངེས།
༧༽ནུབ་ཕྱོགས་པའི་མིག་ནང་གི་ལྷ་ཆེན་ཡེ་ཤུ།
ཆོས་ལུགས་བཙན་སྤེལ་རིང་ལུགས་པ་འདི་ལ་ནུབ་ཕྱོགས་སྤྱི་ཚོགས་རང་ནས་ད་ཆ་མཐོང་དང་ཆ་འཇོག་ཉུང་དུ་འགྲོ་བཞིན་པའི་རྒྱུ་མཚན་ཁག་ཅིག་ཉེ་ཆར་དྲ་གྲོགས་འབུམ་རམས་པ་རྡོ་སྦིས་བློ་བཟང་ཡོན་ཏན་གྱིས་འབྲེལ་ཡོད་རྩོམ་ཡིག་ཁག་གཉིས་ཀྱི་ནང་དུ་གང་འཚམས་ཤིག་བརྗོད་འདུག དེ་ནི་དངོས་གནས་ཡིན་པ་འདྲ། ང་ཀྲུང་ཧྲན་སློབ་གྲྭ་ཆེན་མོར་རྒྱ་ཡིག་སྦྱོང་བཞིན་པའི་སྐབས་སུ་སློབ་མའི་ནང་སྦྱོང་དང་འབྲེལ་བའི་ཡར་ཞུའི་ཡི་གེ་འབྲི་སྐབས། སློབ་མ་ཚོས་སྐབས་སྐབས་སུ་ཆོས་ལུགས་དང་འབྲེལ་བའི་བརྗོད་བྱ་འདེམས་ཀྱི་ཡོད་ལ། སློབ་གླིང་དེར་མཚོན་ན་དེ་ནི་རྒྱུན་ལྡན་ཞིག་རེད།
འོན་ཀྱང་། ཧྤ་རན་སི་ནས་ཡིན་པའི་སློབ་གྲོགས་ལྕམ་སོ་ཧྤི་ལགས་ཀྱིས་བཤད་པ་ལྟར་ན།ཧྤ་རན་སིའི་སློབ་གྲྭའི་ནང་དུ་ཆོས་ལུགས་དང་འབྲེལ་བའི་བརྗོད་གཞི་འདེམས་མི་ཆོག་ལ། ཆོས་ལུགས་ཀྱི་རྟགས་རྒྱ་གྲམ་སོགས་ཀྱང་འདོགས་མི་ཆོག་ཟེར། རྒྱུ་མཚན་ཡང་། ལོ་རྒྱུས་ཀྱི་ཐོག་ཏུ་ཆོས་ལུགས་ཀྱི་རྙོག་དྲ་བཟོས་པ་མང་དྲགས་ནས་ད་ཆ་ཆོས་ལུགས་ནི་ཧ་ཅང་རྫི་གསང་དོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ཟེར། སྐད་ཆ་འདིས་ཧྤ་རན་སིའི་སློབ་གྲྭ་སྤྱིའི་གནས་སྟངས་བརྒྱ་ཆ་ག་ཚོད་ཅིག་མཚོན་མིན་མ་ཤེས་ཀྱང་། མ་མཐའ་ཡང་། བྱ་ཐབས་དེའདྲ་ལག་ལེན་དུ་བྱེད་བཞིན་པ་དངོས་ཡོད་རེད་འདུག ངའི་ཉེ་དུས་ཀྱི་སློབ་གྲོགས་འཇར་མན་པ་མི་ཏ་ཝི་ཡིས་ཀྱང་། ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ནི་དམེ་འཁྲུག་དང་མཉམ་དུ་ཁྱབ་འཕེལ་ཕྱིན་པ་ཞིག་རེད་ཅེས་ཟེར་ཞིང་། སྐད་ཆ་འདི་ལབ་སྐབས་ཁོས་སྣ་གཉེར་བཞིན། མེ་མདའི་སྐམ་ཁུང་དུ་འཛུབ་མོ་བཅུག་ནས་འགུལ་བཞིན་པའི་སྟངས་ཀ་བྱས་བྱུང་།
༨༽རྟག་ཆད་མཐར་ལྷུག་གི་ཆོས་ལུགས།
ངས་འོག་ཏུ་ནང་ཆོས་ཀྱི་གསུང་སྟངས་རང་གིས་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་རིང་ལུགས་ལ་ང་ཚོས་འཛིན་འོས་པའི་ལྟ་སྟངས་ཁ་ཤས་བཤད་རྒྱུ་ཡིན། ཡེ་ཤུའི་ཆོས་ལུགས་ནི་དོལ་ཚོགས་ལས་ཀྱང་ཐ་ཆད་པ་ཡིན་ལ། དེ་ནི་ན་ནངས་དོ་ཚིགས་ཀྱི་དུས་ཚོད་འདིར་བོད་པ་ཚོས་རྣམ་རྟོག་བྱེད་བཞིན་པའི་བརྒྱུད་འཚོང་ཁང་ལས་ལྡབ་བརྒྱ་ཕྲག་གིས་སྡུག་པ་ཡིན། ཁོ་ལ་བརྟེན་ནས་ཁྱོད་ཀྱི་བརྒྱུད་ལ་གང་སྐྱེས་པའི་གཙོ་བོ་ལྷ་ཆེན་གྱིས་ཚང་མ་བྱས་པར་འདོད་པའི་ལྟ་གྲུབ་འདི་ལ་བདག་རྟག་པར་ལྟ་བ་ཟེར། དང་པོ་ལྷ་ཆེན་གྱིས་ཚང་མ་བཟོས་པ་ལས་ང་ཚོ་ལ་ང་ཚོར་དབང་བའི་སྐྱེ་བ་ནས་སྐྱེ་བར་བརྒྱུད་ངེས་ཀྱི་སེམས་ཁས་མི་ལེན། དེ་མ་བླངས་ན་ལོག་ལྟ་ཡིན། འདི་ལ་ཆད་པར་ལྟ་བ་ཞེས་ཟེར། དེས་ན་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་མོས་མཐུན་བྱས་པ་ནི་རྟག་ལྟ་དང་ཆད་ལྟ་གཉིས་ལ་དུས་གཅིག་ཏུ་མོས་མཐུན་བྱས་པ་ཡིན། ལོག་ལྟ་ལས་ཚབ་ཆེ་བའི་མི་དགེ་བ་ཞིག་མེད། གནའ་སྔ་མོ་མི་སྟེགས་པ་ཟེར་བ་དེ་ད་ལྟ་བོད་དུ་ཡེ་ཤུ་པ་ཡིན། རང་གིས་དོལ་ཚོགས་དང་བརྒྱུད་འཚོངས་པ་ལ་གཙོག་ལྟ་བ་ལས་ལྡབ་འགྱུར་གྱིས་རིགས་པ་བསྒྲིམས་ནས་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་མཁན་ལ་དོགས་ཟོན་བྱེད་དགོས། རབ་བྱུང་ན་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་བསྒྱུར་ལྟེ་གནས་ཀྱི་ཚོགས་མི་དང་དེ་དེ་དག་ལ་མཐུན་འདོག་མཁན་དག་ལ་རྫི་གསང་དོད་པོ་དང་། ངོས་འཛིན་ཁ་གསལ་གཏིང་གསལ་བྱེད་དགོས། ང་ཚོས་སྤྱི་ཚོགས་འདིར་དེང་སང་སྒལ་ཚིགས་ཟེར་བའི་སྐད་ཆ་ཞིག་ཡོང་གིན་ཡོད་ཅིང་། དེ་ནི་ན་གཞོན་དག་གི་ཁ་འབོད་རྩ་ཆེན་ཤིག་ཆགས་ཡོད། ན་གཞོན་ཚོས་ཀྱང་དངུལ་དངོས་ཀྱི་ཁེ་ཕན་ཕྲན་བུ་རེའི་ཆེད། རང་གི་རིག་གཞུང་བསྣུབས་པའི་བསམ་ངན་ཅན་གྱི་མི་དག་གི་མངོན་འདོད་སྒྲུབ་པ་ནི་ཆེས་འགལ་ཚབ་ཅན་གྱི་སྒལ་ཚིགས་ཀྱི་གནད་དོན་ཞིག་ཡིན། འདི་གཏན་ནས་བརྗེད་དུ་མི་རུང་། གང་ལྟར་རང་ཉིད་ཆོས་ལུགས་བཙན་སྤེལ་མཁན་གྱི་གཡོ་འོག་ཏུ་མ་སོང་བ་ཞིག་ཅིས་ཀྱང་དགོས།
༩༽ཡེ་ཤུའི་རྗེས་འབྲངས་པ་ཉུང་དགོས།
ཡང་ཉེ་ཆར་དྲ་ལམ་ཁག་ཏུ་བོད་ཀྱི་གཞོན་སྐྱེས་དང་ཤེས་ཡོན་པ་ཁག་ཅིག་ཡེ་ཤུའི་རྗེས་འབྲངས་ཡིན་པའི་བཤད་ཡམ་མང་པོ་བཀྲམ་པ་དེར་ངས་ཀྱང་དོ་སྣང་བྱུང་། འོན་ཀྱང་ཁོང་རྣམ་པས་རང་ཉིད་ཀྱིས་སྤྱི་ཚོགས་ཀྱི་སྐྱོན་བརྗོད་འདིར་དང་ལེན་བྱ་ཐབས་མེད་པའི་གསལ་བཤད་གནང་བཞིན་པ་ངས་བརྒྱུད་ལམ་ཁག་ནས་རྟོགས་བྱུང་ལ། རང་ངོས་ནས་ཁོང་རྣམ་པས་དངོས་སུ་གང་གསུངས་པ་དེ་དག་ལ་ཡིད་ཆེས་བྱ་རྒྱུ་བདམས་པ་ཡིན།
ཉེ་ཆར་ངས་གྲོགས་པོ་གཞན་གྱི་འབྲེལ་ཡོད་དྲིས་ལན་དུའང་བཤད་མྱོང་། ང་ཚོའི་དམིགས་ཡུལ་ནི་སྤུན་ཟླ་ནང་ཁུལ་གྱི་བར་ཐག་རིང་དུ་གཏོང་བ་དང་། མི་ཞིག་ཆེད་དུ་ནག་པོ་བཟོ་རྒྱུ ། ཤེས་ཡོན་དང་སྒྱུ་རྩལ་གྱི་གར་སྟེགས་སུ་ཡོད་པའི་མི་བྱེ་བྲག་པ་ཞིག་བཙན་གྱིས་ཕ་རོལ་པོའི་ཕྱོགས་སུ་གང་ཐུབ་ཐུབ་ཏུ་འདེད་པ་བཅས་མིན། དེ་ནི་ལྐུག་པའི་ལས་ཀ་རེད། ང་ཚོ་ལ་དགོས་པ་དེ་ཆོས་ལུགས་བཙན་བསྒྱུར་རིང་ལུགས་ཀྱི་བྲན་གཡོག་ཏུ་གྱུར་པ་རེ་རེ་ཡིན་ནའང་ཉུང་དགོས་ཀྱི་ཡོད།
གལ་ཏེ་གླེང་གཞི་ཅན་གྱི་མི་ཞིག་གིས་ང་ནི་ཡེ་ཤུ་དང་འབྲེལ་བ་མེད་ཅེས་ཟེར་ན་དེ་ནི་ང་ཚོའི་རྒྱལ་ཁ་རེད། ཁོས་དེ་ནས་ཁེ་ཕན་ཅུང་ཟད་ཅིག་བླངས་ནས་རང་གི་ལས་ཀ་ཞིག་སྒྲུབ་ཡོད་ནའང་ཐང་མོད། མ་མཐའ་ཡང་ཁོའི་སེམས་ཀྱི་ནང་ལ་བཙན་འཛུལ་གྱི་ནད་རྟགས་མ་ཐོན་པ་རེད།
མི་ཞིག་བཙན་གྱིས་སྤྱི་ཚོགས་ཀྱི་གྲལ་ནས་ཕུད་ན་དེས་སྐབས་མང་པོར་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཁུར་ཡོང་བ་ཡིན། དེས་ན་རང་ཉིད་ཡེ་ཤུའི་ཁ་ཆེམས་ཀྱི་ཕྲིན་པ་ཡིན་པར་དངོས་སུ་ཁས་ལེན་མཁན་དང་། གཞན་གྱིས་ཁྱོད་ཡེ་ཤུའི་རྗེས་འབྲངས་པ་རེད་ཅེས་ཉེས་འཛུགས་བྱས་པ་གཉིས་ནི་ནམ་ཡང་ཁ་ཁ་རེད། ང་ཚོས་རིགས་པ་དང་རྒྱུ་མཚན་ཆེད་དུ་བཀོད་ནས་གང་ཟག་ཆེ་གེ་མོ་ཡེ་ཤུ་པ་ཡིན་པར་སྒྲུབ་དགོས་པ་དང་འགྲུབ་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ། དེ་ལྟར་གྲུབ་ཏུ་ཟིན་ན་དེ་ནི་ང་ཚོའི་ཕམ་ཁ་རེད།
ང་ཚོས་དངོས་ཡོད་ཀྱི་མ་འགྲིགས་པ་དང་ཉེན་ཁ་ལ་ཐབས་ལམ་ཡོད་པའི་ཐོག་ནས་གདོང་ལེན་བྱ་རྒྱུའི་ཚབ་ཏུ་ཆེད་གཏད་ཀྱིས་མི་ནག་པོར་བཟོ་བ་འདིས་རང་ཉིད་ལྐུག་པ་ཡིན་པར་མཚོན་གྱིན་ཡོད། བྱེད་སྟངས་འདི་ནི་ང་ཚོའི་དམིགས་ཡུལ་གྱི་ལྡོག་ཕྱོགས་སུ་སོང་ཡོད། ཤེས་སོང་ངམ།
ཞེས་པ་འདི་ཡང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ལན་དིའི་རྒྱལ་ས་བྷང་ཁོག་ནས་མགོ་བརྩམས་ཏེ། བོད་རྒྱལ་ལོ་༡༡༤༠ཟླ་༣ཚེས་༧ཉིན་ཐའེ་ཝན་དུ་མཇུག་རྫོགས་པར་བྱས།