སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་དམིགས་ཡུལ་ལྟར་བྱུང་མི་འདུག
ཟླ་འདིའི་ཚེས་ ༡༥ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་ཟུང་བསམ་གླིང་དང་། བདེ་སྐྱིད་སླར་གསོའི་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་དང་དགོན་སྡེ་ཁག་སོགས་སུ་གཟིགས་སྐོར་གྲུབ་པ་དང་། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མིའི་ནང་མི་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཀོ་ལེ་གྷལ་དོན་ལྡན་གླིང་དང་། ཧུན་སུར་རབ་རྒྱས་གླིང་བཅས་སུ་གཞུང་འབྲེལ་གཟིགས་སྐོར་གྲུབ་པ་དང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཟླ་འདིའི་ཚེས་ ༡༢ ཉིན་འབྱོར་ཡོད་པ་རེད།
འཕྲོད་བསྟེན་བཀའ་བློན་གྱིས་ས་གནས་སུ་གཞུང་འབྲེལ་གཟིགས་སྐོར་གནང་བའི་རྒྱུ་མཚན་གཙོ་བོ་ནི་ “བཀའ་ཤག་གི་ལྟ་གྲུབ་གསུམ་གྱི་སྐོར་མི་མང་ལ་འགྲེལ་བཤད་རྒྱག་རྒྱུ་དང་། ཤེས་ཡོན་གྱི་གལ་ཆེའི་རང་བཞིན་ངོ་སྤྲོད་བྱ་རྒྱུ། གཉིས་པ་སྔོན་འགྲོའི་འཕྲོད་བསྟེན་ལྟ་སྐྱོང་དང་འབྲེལ་བ་ཡོད་པའི་ཐོག་ནས་འཕྲོད་བསྟེན་གྱི་ལས་གཞི་སྤྱི་དང་། དམིགས་བསལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ལ་ས་གནས་ཀྱི་མི་མང་དང་། གནད་ཡོད་མི་སྣ། འགོ་ཁྲིད་མཁན་ཚོར་འགྲེལ་བཤད་རྒྱག་རྒྱུ་དང་། གསུམ་པ་དེ་ས་གནས་ས་ཐོག་གི་མི་མང་གི་འཕྲོད་བསྟེན་གྱི་གནས་སྟངས་ག་འདྲ་ཡོད་མེད་ལ་རྟོག་ཞིབ་བྱ་རྒྱུའི་ཆེད་དུ་ཡིན། ”ཞེས་གསུངས་སོང་།
བཀའ་བློན་གྱིས་ས་གནས་སུ་གཟིགས་སྐོར་གནང་སྐབས་དམིགས་བསལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ལ་ཐུགས་སྣང་ཆེན་པོ་གནང་སྟེ། ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་དང་། མཉམ་འབྲེལ་ཁག་གཉིས་ཀྱི་ཚོགས་གཙོ། དགོན་སྡེ་ཁག་གི་ཕྱག་མཛོད་སོགས་གནད་ཡོད་མི་སྣ་ཁག་དང་བཞུགས་མོལ་ཚོགས་འདུ་བསྐོང་སྟེ། སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བའི་གྲོས་བསྡུར་དང་བགྲོ་གླེང་བྱས་ཡོད་པ་རེད།
གཞན་ཡང་བཀའ་བློན་གྱིས་སྨན་བཅོས་ལྟ་སྐྱོང་གི་གནས་སྟངས་དང་འབྲེལ་བའི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཁོང་གིས་ “བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་བསྡུ་རུབ་ལས་རིམ་ཐེངས་གཉིས་ཕྱིན་ཟིན་པ་དང་། ད་ལྟ་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་བསྡུ་རུབ་ཀྱི་ལས་རིམ་གསུམ་པ་དེ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་མའི་དམིགས་ཡུལ་ལྟར་བྱུང་མི་འདུག ང་ཚོས་ཐོག་མར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འགོ་བཙུགས་པའི་སྐབས་སུ། འཕྲོད་བསྟེན་ལས་ཁང་གི་ངོས་ནས་མང་ཚོགས་ནས་ཚོགས་མི་ཁྲི་གཉིས་བྱུང་ན་བསམ་པའི་རེ་བ་བརྒྱབ་ཡོད་རེད་དེ། ད་ལྟ་མི་ཁྲི་གཅིག་ཙམ་ལས་ཚོགས་མིར་འཛུལ་ཞུགས་གནང་ཐུབ་མི་འདུག ཡིན་ནའང་། མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསལ་པོ་རེད། ད་ལྟའི་ཆར་ཚོགས་མི་ཁྲི་གཅིག་ཡོད་པའི་ནང་ནས་སྨན་བཅོས་ཀྱི་ཁེ་ཕན་བཞེས་པ་མི་བཞི་བརྒྱ་ཙམ་བྱུང་འདུག་པ་དང་། དངུལ་འབོར་གྱི་ཐོག་ནས་བཤད་ན་སྒོར་འབུམ་ལྔ་བཅུ་ང་ལྔ་ལྷག་ཅིག་མར་སྨན་བཅོས་ཆེད་མི་མང་ནང་ནད་པའི་ཆེད་བཏང་ཟིན་པ་རེད།” ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གཏན་སྡོད་མི་འབོར་ ༡༣༠༠༠ བརྒལ་བ་ཞིག་ཡོད་པའི་ནང་ནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མིར་ཞུགས་པ་ད་ལྟའི་བར་དུ་མི་གྲངས་ ༩༠༠ ལྷག་ཙམ་ལས་བྱུང་མེད་པ་དང་། ཚོགས་མི་དེ་དག་ལས་ཚོགས་དངུལ་བསྡུ་འབུལ་བྱས་པ་ལས་ཚོགས་མིར་སྨན་བཅོས་ཀྱི་འགྲོ་སོང་བཏང་བ་ལྡབ་གཉིས་ཀྱི་མང་བ་ཆགས་ཡོད་སྐོར་ས་གནས་འཕྲོད་བསྟེན་འགན་འཛིན་ལྷག་པ་ཚེ་རིང་གིས་འགྲེལ་བརྗོད་གནང་སོང་།
འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ནི་ཐོག་མར་བཀའ་ཤག་སྐབས་ ༡༣ པས་གཏན་འབེབས་བྱུང་བ་དང་། བཀའ་ཤག་སྐབས་ ༡༤ པའི་སྐབས་སུ་དངོས་སུ་གསར་བཏོད་རང་བཞིན་གྱི་ཐོག་ནས་ལག་བསྟར་བྱས་པ་ཞིག་ཡིན་ཞེས་གསུངས་སོང་བ་དང་། གསར་འགོད་པས་བཀའ་ཤག་སྐབས་ ༡༣ གྱིས་གཏན་འབེབས་བྱུང་བའི་སྨན་བཅོས་ལྟ་སྐྱོང་ལས་རིམ་ལ་བཀའ་ཤག་གསར་པའི་ངོས་ནས་གསར་བཏོད་རང་བཞིན་གང་ཡོད་བཀའ་འདྲི་ཞུས་པར། “ང་ཚོས་གསར་བཏོད་ཟེར་དུས། སྔོན་མེད་པ་ཞིག་གསར་དུ་བྱས་པ་དང་། སྨན་གསར་པ་བཟོས་པ་ལ་ཟེར་གྱི་མེད། ང་ཚོས་སྨན་པ་ཚོར་ཟབ་སྦྱོང་སྤྲད་པ་དང་། མི་མང་ལ་འཕྲོད་བསྟེན་གོ་རྟོགས་སྤེལ་བ། འཕྲུལ་ཆའི་ལམ་ནས་སྨན་པ་མེད་ས་ནས་སྨན་པར་བསྟེན་གཏུག་ཐུབ་པ། སྨན་པ་གང་མང་མང་བོད་པའི་སྨན་ཁང་ཁག་ནང་གཏོང་ཐུབ་ཐབས་བྱེད་ཀྱི་ཡོད།”ཅེས་འགྲེལ་བརྗོད་གནང་སོང་།
དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་དུ་འཕྲོད་བསྟེན་སྨན་ཁང་ནང་སྨན་པ་མེད་པ་དང་། ས་གནས་མི་མང་ནང་དུག་སྦྲུལ་གྱིས་སོ་བརྒྱབ་པ་སོགས་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ལེ་བར་༤༠ ལྷག་བརྒལ་ཏེ་སྨན་ཁང་ལ་འགྲོ་དགོས་ཀྱི་ཡོད་པ་རེད།
སྦེལ་ཀོབ་ཁུལ་གྱི་འཕྲོད་བསྟེན་སྨན་ཁང་ནང་སྨན་པ་གཅིག་ཡོད་ཀྱང་། རླངས་འཁོར་བརྡབ་སྐྱོན་དང་། ཛ་དྲག་ནད་མནར་སོགས་བྱུང་སྐབས་སྨན་པ་དེས་ནད་པར་ཕན་ཐོགས་མེད་པ་དངོས་ཡོད་གནས་ཚུལ་ཐོག་མི་མང་གིས་བསམ་ཚུལ་མང་པོ་སླེབས་བཞིན་ཡོད་པ་རེད།
མེ་སོར་གསར་འགོད་པས།