ཨི་ཊ་ལི་དང་སུད་སི་ནང་༸གོང་ས་མཆོག་གི་མཛད་འཕྲིན།
༧གོང་ས་མཆོག་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་ནང་གི་མཛད་འཕྲིན་ཁག་གྲུབ་རྗེས། སུད་སིའི་གྲོང་ཁྱེར་ལོ་ཟན་ནི་རུ་རྟེན་གཞི་བྱས་པའི་སྔ་འགྱུར་རིག་འཛིན་འདུས་སྡེ་ནས་ཇི་ལྟར་གསོལ་བ་བཏབ་བཞིན། ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་ལ་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་གྱི་རྒྱལ་ས་བྷོལ་ཛ་ནོའི་(Bolzano) ཁུལ་དེའི་གྲངས་ཉུང་མི་རིགས་ཀྱིས་གཟེངས་རྟགས་འབུལ་ལམ་ཞུས་རྗེས། ༧གོང་ས་མཆོག་གིས་མང་ཚོགས་ལ་“ཆོས་ལུགས་ལ་མ་བརྟེན་པའི་འཇིག་རྟེན་བཟང་སྤྱོད་ཀྱི་རྣམ་གཞག་”ཅེས་པའི་ཐོག་བཀའ་སློབ་དང་གསར་འགོད་པ་ཁག་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་༡༡ ཉིན་༧གོང་ས་མཆོག་ཨི་ཊ་ལི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་ཏེ་རན་ཏོ་(Trento) ཞེས་པའི་སྐུ་མགྲོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་མང་ཚོགས་ལ་༼རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས།༽(Happiness in a Troubled World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་རེད། དེ་ཡང་ཐོག་མར་༧གོང་ས་མཆོག་བྷོལ་ཛ་ནོ་ནས་ཏེ་རན་ཏོར་ཞབས་སོར་འཁོད་སྐབས། ཁུལ་དེའི་སྲིད་འཛིན་སྐུ་ཞབས་ཨལ་བྷར་ཏོ་པེ་ཆར་(Alberto Pacher) གཙོས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས། ཏེ་རན་ཏོ་རང་སྐྱོང་མངའ་སྡེའི་ཚོགས་ཁང་ཆེན་མོའི་ནང་ཆིབས་བསྒྱུར་གྱིས་མངའ་སྡེའི་སྐུ་ཚབ་འཐུས་མི་རྣམས་ལ་བཀའ་སློབ་གནང་དོན། ངོས་རང་ཆུང་དུས་བོད་ནང་ཡོད་སྐབས་ནས་མང་གཙོའི་ལམ་ལུགས་སྐོར་གོ་ཐོས་བྱུང་བ་བཞིན་མོས་པ་བྱུང། དེ་ཡང་འཛམ་གླིང་འདི་འགྲོ་བ་མི་སྤྱི་ལ་དབང་བ་ཞིག་ཡིན། སྤྱིར་བཏང་རྒྱལ་ཁབ་གང་ཞིག་ཡིན་རུང་མི་མང་ལ་དབང་བ་མ་གཏོགས་རྒྱལ་པོ་དང་སྲིད་འཛིན་རེ་ཟུང་ལ་དབང་མེད། དེར་བརྟེན་དེ་རིང་འདིར་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་བསྐོ་གཞག་གནང་བའི་སྐུ་ཚབ་འཐུས་མི་རྣམ་པའི་མདུན་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་ཆེ་མཐོང་ཐོབ་བྱུང་ཞེས་བཀའ་སློབ་གནང་བ་དང་སྦྲགས། མགོན་པོ་གང་ཉིད་ཀྱིིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རྗེས་རིམ་བཞིན་ཕྱི་ལོ་༡༩༥༡།༡༩༥༢།༡༩༥༣ སོ་སོར་བོད་ནང་མང་གཙོ་བཅོས་བསྒྱུར་གཏོང་ཐབས་མཛད་པ་དང། དེ་རྗེས་ཕྱི་ལོ་༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་བཙན་བྱོལ་བོད་གཞུང་དེ་བཞིན་མང་གཙོའི་ལམ་ལ་བསྒྱུར་ཡོད་སྐོར་དང། ཕྱི་ལོ་༢༠༠༡ ལོར་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་ཕྱེད་བགྲེས་ཡོལ་གནང་སྐོར་ངོ་སྤྲོད་གནང་ཡོད་པ་རེད།ཕྱི་ཚེས་༡༢ ཉིན་གོང་ས་མཆོག་སུད་སིའི་པེ་ཡར་ནི་(Payerne Airport) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། སུད་སི་རྒྱལ་ཁབ་ཏུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་(India’s Ambassador) ལྕམ་སྐུ་ཅི་ཏ་ར་ན་ར་ཡན་(Ms Chitra Narayanan)དང། ད་ལན་སུད་སིར་གདན་འདྲེན་ཞུ་མཁན་སྔ་འགྱུར་རྙིང་པ་མ་རྒྱལ་ཡོངས་རིག་འཛིན་འདུས་སྡེའི་དབུ་འཛིན་ནམ་མཁའ་རིན་པོ་ཆེ་སོགས་གནད་ཡོད་མི་སྣ་རྣམས་ཀྱིས་གནམ་ཐང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ནས་མགོན་པོ་གང་ཉིད་ཀྱིས་ཡུ་རོབ་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཐེངས་གཉིས་པ་ཚོགས་ཡུལ་གྱི་(Second Tibetan Buddhist Conference in Europe) ཕ་ར་ཡེ་བྷར་གྷི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་ཆེན་ཐོག་སྐུ་ཚབ་འཐུས་མི་༨༠ ཙམ་མཉམ་ཞུགས་གནང་བ་རྣམས་ལ་བཀའ་སློབ་གནང་ཡོད་པ་རེད།
ཕྱི་ཚེས་༡༣ ཉིན་གོང་ས་མཆོག་གིས་སུད་སི་གྲོང་ཁྱེར་ཕ་རའི་སྦུག་ཚོགས་ཁང་ཆེན་མོའི་ནང་(Fribourg Forum) དུ་མི་གྲངས་༨༠༠༠ བརྒལ་བར་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་དང་འབྲེལ་བཀའ་སློབ་གནང་ཡོད་པ་རེད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་བཞུགས་གནས་མགྲོན་ཁང་ནས་གསུང་ཆོས་གོ་སྒྲིག་ཞུ་མཁན་ནམ་མཁའ་རིན་པོ་ཆེས་སྤོས་སྣེས་མདུན་བསུས་ཏེ་ཚོགས་ཁང་ཆེན་མོའི་ནང་ཞབས་སོར་འཁོད་རྗེས། ༧གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་བཀའ་སློབ་གནང་དོན། ངོས་རང་ཐེངས་འདིར་སུད་སིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཕྱི་ལོ་༡༩༦༡ ལོ་འགོ་ཙམ་ནས་རྒྱ་གར་ནས་བོད་མི་ལམ་བཟོ་བ་ཁག་ཅིག་སྐྱབས་བཅོལ་དུ་བླངས་ཏེ། བོད་མི་དེ་དག་དཀའ་སྡུག་གི་གནས་ལས་ཐར་ཆེད་མཐུན་འགྱུར་རོགས་རམ་ཧ་ཅང་གནང་ཡོད། ངོས་རང་ཕྱི་ལོ་༡༩༧༣ ལོར་སུད་སིར་ཐོག་མར་འབྱོར་བ་ནས་ད་བར་དུས་ཚོད་རྒྱུན་རིང་པོ་ཞིག་ཕྱིན་ཚར་པ་རེད། དུས་ཚོད་འགྲོ་རྒྱུ་རེད་མ་གཏོགས་སུས་ཀྱང་བཀག་མི་ཐུབ། འོན་ཀྱང་ང་ཚོས་གལ་ཆེ་ཤོས་ནི་དུས་ཚོད་ཡོད་པ་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་མིན་དྲི་བ་རེད། གལ་ཏེ་ང་ཚོས་དུས་ཚོད་དེ་དག་དབང་ཤེས་ཀྱི་ཚོར་བ་ཙམ་ལ་བརྟེན་པའི་འདོད་ཡོན་ལྔའི་བདེ་བ་ཙམ་ལ་ཞེན་ཆགས་བྱས་ཏེ་དུས་འདའ་བ་ཡིན་ན། ཕྱིས་སུ་འགྱོད་པ་སྐྱེ་རྒྱུ་རེད། དེར་བརྟེན་དེ་རིང་ཁྱེད་རང་ཚོ་འདིར་འཛོམས་པའི་དགོས་དོན་གཙོ་བོ་ནི། མི་ཚེ་དོན་སྙིང་ལྡན་པ་ཞིག་ཇི་ལྟར་བསྐྱལ་ཐུབ་མིན་ཆེད་དུ་རེད་ཅེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།
ཕྱི་ཚེས་༡༤ ཉིན་༧གོང་ས་མཆོག་གིས་སུད་སིའི་གྲོང་ཁྱེར་ཕ་རའི་སྦུག་(Fribourg) གི་ཚོགས་ཁང་ཆེན་མོའི་ནང། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སུམ་ཅུ་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་༨༠༠༠ བརྒལ་བར་བཀའ་སློབ་དང་སྒྲོལ་དཀར་གྱི་ཚེ་དབང་གནང། དེ་བཞིན་ཉིན་དེའི་དགོང་དྲོར་སུད་སིའི་བོད་རིགས་མི་དམངས་ནས་གོ་སྒྲིག་འོག ༧གོང་ས་མཆོག་གིས་སུད་སིའི་གྲོང་ཁྱེར་ཕ་རའི་བུག་ (Fribourg Forum) གི་ཚོགས་ཁང་ཆེན་མོའི་ནང་། བོད་རིགས་ཁྱོན་མི་གྲངས་༨༠༠༠ བརྒལ་བར་དབུ་མའི་ལམ་གྱི་དགོངས་དོན་དང་འཚེ་བ་མེད་པའི་ལྟ་གྲུབ་སྐོར་ལ་བཀའ་སློབ་གནང་དོན། དེ་རིང་ངོས་རང་འདི་གར་ཡོང་བ་དང་སྟབས་བསྟུན་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་འཕྲད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བྱུང་རིམ་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད།
མཐར་༧གོང་ས་མཆོག་གིས་འཚེ་བ་མེད་པའི་ལྟ་གྲུབ་སྐོར་བཀའ་སློབ་གནང་སྐབས། ངོས་ཀྱི་ངོ་ཤེས་པ་མང་དག་ཅིག་གིས་བརྗོད་མྱོང། བོད་པ་འཚེ་བ་མེད་པའི་ལམ་དུ་འགྲོ་བཞིན་ཡོད་སྟབས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གལ་ཏེ་བོད་པ་འཚེ་བའི་ལམ་དུ་ཕྱིན་ན་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཅེས་བརྗོད་མཁན་དེ་འདྲ་ཡོང་གི་འདུག ང་ཚོ་འཚེ་བ་མེད་པའི་ལམ་དུ་འགྲོ་ཡི་ཡོད་པར་བརྟེན། ང་ཚོས་རང་བཙན་ཞེས་བརྗོད་ན་གདོང་ཐུག་སྒང་ལ་ཕྱིན་ཏེ་རྒྱ་དང་ཁ་གཏད་གཅོག་རྒྱུ་ཞིག་རེད། རྒྱ་དང་ཁ་གཏད་གཅོག་རྒྱུ་ཞིག་ཆགས་སྐབས་རང་བཞིན་གྱིས་འཚེ་བའི་རྣམ་པའི་ཐོག་ལ་འགྲོ་རྒྱུ་ཞིག་ཆགས་ཀྱི་རེད། གྲོགས་པོ་བསྒྲིགས་ནས་དོན་དག་སོན་རྒྱུ་ཞིག་བྱས་ན་འཚེ་བ་མེད་པའི་ཐོག་ལ་འགྲོ་ཡི་རེད། དགྲ་བཟོས་ནས་དོན་དག་བསྒྲུབ་རྒྱུ་དེ་འཚེ་བའི་ཐོག་ལ་འགྲོ་རྒྱུ་རེད། དེར་བརྟེན་དབུ་མའི་ལམ་ཐོག་ལ་ཕྱིན་ན། ང་ཚོ་འཚེ་བ་མེད་པའི་ལྟ་གྲུབ་ནང་ཡོད་པ་མ་ཟད། དེའི་ར་བ་ལས་མ་འདས་པ་ཞིག་རེད། ང་ཚོས་རང་བཙན་ཞེས་རྒྱ་ལ་ཁ་གཏད་གཅོག་རྒྱུའི་སྐད་ཆ་བཤད་ན། མཐའ་མ་གདོང་ཐུག་དང་འཚེ་བའི་ཐོག་ལ་འགྲོ་རྒྱུ་རེད། དེ་ལྟ་བུའི་ཆ་ནས་ཡག་པོ་མི་འདུག
གཉིས་ནས་ངོས་ཀྱིས་འཛམ་གླིང་འདིའི་སྟེང་དུས་རབས་ཉེར་གཅིག་པ་འདིར་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས། དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཆགས་པ་རེད། དུས་རབས་ཉེར་གཅིག་པ་འདིར་དཀའ་ངལ་གང་ཞིག་ཡིན་རུང་གྲོས་མོལ་ལམ་ནས་སེལ་ཐབས་བྱེད་དགོས་ཞེས་ཤོད་བཞིན་ཡོད། མིར་དེ་ལྟར་ཤོད་མུས་ལ་སོ་སོས་གྲོས་མོལ་ལམ་ནས་དཀའ་ངལ་སེལ་ཐབས་མ་བྱས་པར་གདོང་ཐུག་སྒང་ལ་ཕྱིན་ན་འགྲིག་གི་མི་འདུག ཕྱི་ལོ་༡༩༥༤།༥༥ དེ་འདྲ་ནས་ང་ཚོས་རྟག་པར་ཤོད་བཞིན་ཡོད། བོད་རྒྱ་འོག་དང་རྒྱ་ཁོངས་མ་རེད། རྒྱ་ནག་ཅེས་པ་ནི་རྒྱ་མིའི་ལུང་པ་རེད། རྒྱ་མི་རིགས་དང་བོད་མི་རིགས། ཡུ་གུར་མི་རིགས། སོག་པོ་མི་རིགས་བྱས་ནས་ང་ཚོ་སྤུན་ཟླ་མི་རིགས་བརྗོད་རྒྱུ་དེ་མི་རིགས་གཅིག་གྱུར་ཆགས་ཡོད། མི་རིགས་དེ་དག་གོང་བུ་ཆགས་ཡོད་པ་དེ་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཆགས་ཡོད། ང་ཚོ་བོད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་རེད་མ་གཏོགས་རྒྱ་འོག་མ་རེད། ཅེས་ཕུན་ཚོགས་དབང་རྒྱལ་གྱིས་རྟག་པར་བརྗོད་ཀྱི་ཡོད། དེ་དག་ང་ཚོས་ཤེས་དགོས་པ་ཞིག་རེད། ང་ཚོའི་སྤྱིར་བཏང་ཁ་ནས་རྒྱ་འོག་ཅེས་བརྗོད་ན། དངོས་གནས་རྒྱ་མི་རིགས་འོག་ལ་སྔ་མོ་མའོ་ཙེ་ཏུང་ཡོད་སྐབས། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་ཀྱི་ཡོད། མི་རིགས་ཚང་མ་འདྲ་མཉམ་ཡིན་ཞེས་བརྗོད་ཀྱི་ཡོད། དེར་དངོས་གནས་ཀྱི་རྒྱུ་མཚན་ཞིག་འདུག ཕྱིས་སུ་ཧུའུ་ཅིན་ཐའོ་སླེབས་པའི་སྐབས་དེ་འདྲ་ཞིག་ལ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་མི་འདུག ས་གནས་མི་རིགས་རིང་ལུགས་ལ་དྲག་གནོན་དང་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཞེས་བརྗོད་ཀྱི་འདུག་པས་དྲང་པོ་མ་རེད། རྩ་བའི་འགྲོ་སྟངས་བྱས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་རེད་མ་གཏོགས་རྒྱ་འོག་ཅེས་པའི་སྐད་ཆ་མེད་ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད། །