སེ་ར་སྨད་དུ་གཞུང་ཆེན་དབུ་མའི་སྐོར་ལ་བགྲོ་གླེང་།

sermyd_2013_4_17ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། རྗེ་ཙོང་ཁ་ཆེན་པོའི་གསུང་འབུམ་དབུ་མ་དགོངས་པ་རབ་གསལ་ཐོག་དགེ་བཤེས་ལྷ་རམས་པ་བཅུའི་དཔྱད་རྩོམ་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་ཀྱི་གོ་སྒྲིག་འོག གཞུང་ཆེན་དབུ་མའི་བགྲོ་གླེང་དབུ་འཛུགས་གནང་སྐབས། སློབ་གཉེར་ལྷན་ཚོགས་ཀྱི་དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས་ “ཕྱི་ལོ་ ༢༠༡༢ ལོར་གྲྭ་ཚང་གི་ཚོགས་འདུ་རྒྱས་འཛོམས་ཀྱི་ཐོག་བགྲོ་གླེང་འདི་འདྲ་ཞིག་བྱུང་ན་ཡག་པོ་འདུག་གསུངས་ཡོད་པ་རེད། དེ་ནས་ང་ཚོ་སློབ་གཉེར་ཚོགས་ཆུང་ནང་ལངས་པའི་སྐབས་ལ་སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ངག་དབང་ཐེག་མཆོག་རིན་པོ་ཆེར་མཇལ་ཁ་ཞུས་པའི་སྐབས་སུ། གདན་ས་འདི་རྒྱལ་བའི་གསུང་རབས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་བྱེད་སའི་གདན་ས་ཞིག་ཡིན་དུས། སྤྱིར་རྒྱལ་བའི་བསྟན་པ་རྒྱས་པ་དང་། ལྷག་པར་རྗེ་རིན་པོའི་ཆེའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རྒྱས་པ་ལ་ཆ་རྐྱེན་དུ་གྱུར་ཡོད་པ་རེད།” ཅེས་བཀའ་སློབ་གནང་ཡོད་པར་བརྟེན། སློབ་གཉེར་ཚོགས་ཆུང་གི་ངོས་ནས་བགྲོ་གླེང་གོ་སྒྲིག་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

sermyd_2013_4_17

གཞན་ཡང་སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་གྱིས་དབུ་མའི་བགྲོ་གླེང་གོ་སྒྲིག་གནང་བར་བསྔགས་བརྗོད་དང་འབྲེལ། དབུ་མའི་བགྲོ་གླེང་འཚོག་པའི་ཀུན་སློང་གཙོ་བོ་ནི་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་དགེ་བཤེས་མཁས་དབང་རྣམས་ཀྱིས་རྩོམ་རིགས་ཀྱི་ཐོག་ལ་ཉམས་མྱོང་གསོག་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོད། སློབ་གཉེར་བ་ཚོ་ལ་ཡང་སོ་སོའི་སེམས་ལ་གང་ཡོད་པ་གསུང་ཐུབ་པ་སོགས་ཀྱི་སྦྱོང་བརྡར་དང་བློ་སྐྱེད་ཡོང་གི་ཡོད་པ་རེད། རྗེ་རིན་པོ་ཆེའི་གསུང་གི་ཟབ་རྒྱས་ཀྱི་དབུ་མའི་དགོངས་པ་མཐར་ཐུག་པ་དང་། ཐུན་མོང་མ་ཡིན་པ་དེ་ཚོ་བགྲོ་གླེང་འདིའི་ཐོག་ནས་རྟོགས་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པ་དང་། སངས་རྒྱས་པའི་བསྟན་པ་སྤྱི་དང་ཡང་དགོས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་སྲ་བརྟན་ཡོང་བ་སོགས་ལ་དམིགས་ནས་བགྲོ་གླེང་བཙུགས་གནང་བ་བཞིན་མ་འོངས་པར་ཡང་དགེ་བཤེས་གང་མང་མཉམ་ཞུགས་དགོས་སྐོར་གསུངས་ཡོད་པ་རེད།

sermyd1_2013_4_17སེར་སྨད་དབུ་མའི་བགྲོ་གླེང་བྱེད་སྟངས་ནི་ཐོག་མར་རྗེ་རིན་པོ་ཆེས་གསུངས་པའི་དབུ་མ་དགོངས་པ་རབ་གསལ་གྱི་བརྗོད་དོན་སྡེ་ཚན་ཁག་སེར་སྨད་གྲྭ་ཚང་གི་ལྷ་རམས་དགེ་བཤེས་གྲགས་གྲས་ ༡༠ ལ་བགོ་བཤའ་བརྒྱབ་ནས། དབུ་མ་རིགས་ཚོགས་དྲུག་དང་། གཞན་ཡང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་མའི་འགྲེལ་བརྗོད་སོགས་དང་དཔྱད་བརྗོད་ཀྱི་རྩོམ་ཡིག་བྲིས་པ་དང་། རྩོམ་ཡིག་དེ་དག་ཟླ་གཅིག་གི་སྔོན་ནས་སེ་ར་སྨད་ཀྱི་དབུ་མའི་འཛིན་གྲྭར་ལོ་བཞི་དང་དྲུག་གི་བར་སློབ་གཉེར་བྱས་པའི་སློབ་གཉེར་བ་གྲགས་གྲས་གསུམ་རེ་ལ་སྤྲད་དེ་དག་ལ་དཔྱད་པ་དང་ཞིབ་འཇུག་བྱས་པ་བརྒྱུད། མཐར་བགྲོ་གླེང་སྐབས་དཔྱད་རྩོམ་པ་དག་གིས་རྩོམ་ཡིག་སྒྲོགས་སྦྱང་དང་འབྲེལ། དེ་ལ་དཔྱད་ཞིབ་གནང་མཁན་དང་། སློབ་གཉེར་བ་གཞན་པ། དགེ་བཤེས་སོགས་ཀྱིས་ཕན་ཚུན་དྲི་བ་དྲིས་ལན་བྱེད་ཀྱི་ཡོད་པ་རེད་འདུག བགྲོ་གླེང་དེར་མཉམ་ཞུགས་གནང་མཁན་དཔྱད་རྩོམ་གནང་མཁན་དགེ་བཤེས་ལྷ་རམ་པ་ ༡༠ དང་། རྩོམ་ཤོག་ཐོག་ཆེད་གཉེར་དོགས་འདྲི་བྱེད་མཁན་ ༣༠ དང་། གཞན་ཡང་དབུ་མའི་འཛིན་གྲྭ་བཞི་བཅས་ཡོད་པ་དང་། བགྲོ་གླེང་ཉིན་གཉིས་ཀྱི་རིང་ལ་བྱེད་རྒྱུ་རེད་འདུག

རྒྱུས་ལོན་བྱུང་བ་ལྟར་ན་བགྲོ་གླེང་གོ་སྒྲིག་པ་སེར་སྨད་སློབ་གཉེར་ལྷན་ཚོགས་ནི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་དང་རྒྱུགས་སྤྲོད་སོགས་ཀྱི་འགན་ཁུར་བྱེད་མཁན་གྱི་སྡེ་ཚན་གཙོ་བོ་དེ་ཡིན་པ་རེད་འདུག དེང་སྐབས་སེ་ར་སྨད་དུ་ཁང་ཚན་ ༡༣ དང་རྒྱུན་སྡོད་སློབ་གཉེར་བྱེད་བཞིན་པའི་དགེ་འདུན་པ་ ༧༡༢ ཡོད་འདུག་ལ། འཕགས་ཡུལ་སེར་སྨད་དབུ་བརྙེས་པ་ནས་ད་ལྟ་བའི་བར་དུ་དགེ་བཤེས་ལྷ་རམས་པ་ ༥༠༠ ལྷག་ཅིག་ཐོན་ཡོད་པའི་ནང་ནས་ད་ལྟ་རྒྱུན་སྡོད་དགེ་བཤེས་ལྷ་རམས་པ་ ༥༠ ལྷག་དང་། དཔེ་ཁྲིད་གནང་མཁན་དགེ་བཤེས་ ༡༦ བཅས་ཡོད་པ་རེད་འདུག

མེ་སོར་གསར་འགོད་པས།