ལྷོ་གཞིས་ཁག་གི་ས་གནས་གཞོན་ནུའི་རྒྱུན་ལས་ལྷན་འཛོམས།
ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དང་། ཀོ་ལེ་གྷལ་དོན་ལྡན་གླིང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་གཞིས་ཆགས་བཅས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་ཚོགས་ཁང་དུ་མཉམ་འཛོམས་ཀྱིས།
ཉེ་ཆར་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་ས་ལུ་སྒར་དུ་བསྩལ་བའི་བོད་དོན་འཐབ་རྩོད་བྱེད་ཕྱོགས་དང་འབྲེལ་བའི་བཀའ་སློབ་དགོངས་དོན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རིང་མིན་འཚོག་འཆར་ཡོད་པའི་རྒྱལ་ཡོངས་རང་བཙན་ཚོགས་འདུ་བཅས་ཀྱི་ཐོག་གྲོས་བསྡུར་དང་བགྲོ་གླེང་ཞིག་བྱས་ཡོད་པ་རེད།
ཡིན་ནའང་། ཚོགས་འདུ་དེའི་ཐོག་གྲོས་ཆོད་གང་བྱུང་ཡོད་པ་དང་། བསམ་ཚུལ་ག་རེ་བྱུང་གི་ཡོད་མེད་དེ་དང་པོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁབ་རྒྱུན་ལས་ཁང་ལ་སྙན་གསན་མ་ཞུས་པར་ཕྱིར་བསྒྲགས་བྱ་རྒྱུ་མིན་ཞེས་ཚོགས་འདུ་གཙོ་སྐྱོང་བ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་གསུངས་སོང་།
སྤྱིར་དེང་སྐབས་ས་ལུ་སྒར་དུ་༧གོང་ས་མཆོག་གིས་དབུ་མའི་ལམ་དང་བོད་རང་བཙན་གཉིས་ཀྱི་སྐོར་ལ་བཀའ་སློབ་ནན་པོ་ཞིག་གནང་ཡོད་པའི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་སྐྱ་མི་མང་ནང་གླེང་གཞི་ཆེན་པོ་ཞིག་ཆགས་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མི་སོགས་ས་གནས་སོ་སོར་འདུ་འཛོམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་ས་ལུ་སྒར་གྱི་བཀའ་སློབ་ཐོག་བགྲོ་གླེང་དང་། གྲོས་བསྡུར་སོགས་བྱེད་ཀྱི་ཡོད་པ་རེད། ས་གནས་རེ་ཟུང་ནང་བོད་ཀྱི་གཞོན་ནུའི་ལངས་ཕྱོགས་བོད་རང་བཙན་ཞེས་པའི་ཐ་སྙད་ལ་འགྱུར་བ་མ་ཕྱིན་ན་བཟང་སྤྱོད་ཀྱི་ཐོག་ནས་གཞོན་ནུའི་ཚོགས་མི་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་གསུངས་མཁན་ཡང་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། དེར་བརྟེན་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གཞོན་ལྷན་ཁག་བཞིའི་ཚོགས་གཙོ་རྣམས་ལ་༧གོང་ས་མཆོག་གིས་ས་ལུ་སྒར་དུ་དབུ་མའི་ལམ་དང་བོད་རང་བཙན་གཉིས་ཀྱི་སྐོར་ལ་གནང་བའི་བཀའ་སློབ་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པ་ཡིན།
སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལ་གསར་འགོད་པས། ས་གནས་གཞོན་ནུའི་ངོས་ནས་༧གོང་ས་མཆོག་གི་ས་ལུ་སྒར་ཀྱི་བཀའ་སློབ་སྐོར་ལ་ཐུགས་སྣང་ག་འདྲ་གནང་གི་ཡོད་ཅེས་དྲིས་པར།
ཁོང་གིས་ “ཐོག་མར་སྐུ་མདུན་གྱིས་ས་ལུ་སྒར་ལ་བཀའ་སློབ་ཕེབས་པའི་ཐོག་ལ་སྦེལ་ཀོབ་ས་གནས་གཞོན་ནུའི་རྒྱུན་ལས་འཚོགས་ནས་གྲོས་བསྡུར་ཐེངས་གཉིས་བྱས་པ་ཡིན། དེའི་སྐབས་སུ་ང་ཚོས་གྲོས་ཆོད་བྱུང་སྟེ། ས་གནས་ཀྱི་རྒྱུན་ཟུར་ཚང་མ་མཉམ་འཛོམས་ཀྱིས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་རྩ་དོན་ཐོག་བཀའ་སློབ་གལ་ཆེན་པོ་ཞིག་ཕེབས་པའི་སྐོར་ལ་གྲོས་བསྡུར་གནང་དགོས་ཀྱི་འདུག་ཞུས་པ་བཞིན། ས་གནས་སུ་རྒྱུན་ཟུར་དང་རྒྱུན་ལས་ཀྱིས་སླར་ཡང་གྲོས་བསྡུར་བྱུང་ཡོད་པ་རེད། དེའི་སྐབས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་མཉམ་འཛོམས་བྱུང་ན་ཡག་པོ་འདུག་ལབ་པ་བཞིན། དེ་རིང་འདིར་འཚོགས་པ་ཡིན་”ཞེས་གསུངས་སོང་།
༧གོང་ས་མཆོག་གི་བཀའ་སློབ་ནང་བོད་རང་བཙན་བརྩད་པ་ཡིན་ན་བོད་རྒྱ་འབྲེལ་མོལ་ང་རང་ཚོའི་ངོས་ནས་སྒོ་བརྒྱབ་པ་ལྟ་བུ་ཆགས་འགྲོ་ཡི་རེད་གསུངས་པའི་སྐོར་ལ་སྦེལ་ཀོབ་ས་གནས་གཞོན་ནུའི་ངོས་ནས་ཐུགས་སྣང་དང་ངོས་འཛིན་ག་རེ་གནང་གི་ཡོད་ཅེས་དྲིས་པར།
ཁོང་གིས་“རྩ་བའི་ཆ་ནས་༧སྐུ་མདུན་གྱིས་ས་ལུ་སྒར་དུ་བཀའ་སློབ་གནང་བ་རེད་དེ། དེའི་ཐོག་ལ་གཞོན་ནུ་ལྷན་ཚོགས་ཟེར་ནས་དམིགས་སུ་བཀར་ནས་བཀའ་སློབ་གནང་བཞག་པ་ཞིག་ཡོད་པ་མ་རེད། ཡིན་ནའང་། ང་ཚོ་སྦེལ་ཀོབ་ས་གནས་གཞོན་ནུའི་རྒྱུན་ལས་དང་རྒྱུན་ཟུར་ཚང་མ་འཛོམས་ནས་གྲོས་ཆོད་ཅིག་གཏན་ལ་ཕབས་ཡོད་པ་རེད། ཡིན་ནའང་། རྣམ་པ་ཚོ་རྩ་བའི་ཆ་ནས་གསར་འགོད་པ་ཡིན་པའི་ཆ་ནས་རང་དབང་ཡོད་རེད། ང་ཚོར་བཀའ་འདྲི་ཞུ་ཆོག་གི་རེད་དེ། ང་ཚོ་སྒྲིག་འཛུགས་ཤིག་གི་འོག་ལ་འགྲོ་གི་ཡོད་པས། སྔོན་མ་ཡང་སྐད་ཆ་བྱུང་། དེ་རིང་ལྷོ་གཞིས་ཁག་ལྔའི་ཚོགས་འདུའི་སྐབས་ལ་ཡང་བཀའ་མོལ་ག་རེ་བྱུང་། གྲོས་ཆོད་ག་རེ་བྱུང་པ་དེ་ཚོ་དང་པོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་སྙན་གསན་མ་ཞུས་པར་དུ་ཕྱིར་བསྒྲགས་ཞུ་ཐུབ་ཀྱི་མི་འདུག་ཞུས་པ་ཡིན་”ཞེས་གསུངས་སོང་།
དེང་སྐབས་མི་རེ་ཟུང་གིས་གཞོན་ནུའི་བོད་རང་བཙན་རྩོད་ལེན་གྱི་ལངས་ཕྱོགས་འདོར་དགོས་ཀྱི་ཡོད་པའི་བསམ་ཚུལ་བྱུང་གི་ཡོད་པ་དེའི་ཐོག་ཁྱེད་རང་ཚོས་ལྟ་ཚུལ་གང་བཟུང་ཡོད་ཅེས་དྲིས་པར།
ཁོང་གིས། “གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལྟ་གྲུབ་ཀྱི་ཐོག་ལ་འགྱུར་བ་འགྲོ་གི་རེད་དམ། འགྲོ་གི་མ་རེད་ཅེས་པ་དེ་ལ་ངས་ཞུ་ཐག་ཆོད་ཀྱི་མ་རེད་བསམ་གྱི་འདུག ང་ཚོ་སྒྲིག་འཛུགས་ཡོད་མཁན་ཞིག་རེད། སྒྲིག་འཛུགས་ཡོད་པ་དེའི་ནང་ལ་ཚོགས་མི་ཡོད་རེད། ཚོགས་མི་ཡོད་པ་གང་ཞིག་ལ་ཚོགས་མི་སུམ་ཆ་གཉིས་ཀྱི་ཐོག་ནས་དེ་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་རེད། ལྷག་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ད་ལྟ་གནས་ཡོད་པ་སོང་ཙང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ནས་སྒྲིག་གཞི་ག་རེ་བསྐྱར་བཅོས་ཕྱིན་པ་ཡིན་ན་དེའི་ཐོག་ལ་ཐག་གཅོད་ཅིག་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང་།
དེང་སྐབས་མི་ལ་ལས་དབུ་མའི་ལམ་དང་བོད་རང་བཙན་གཉིས་ཀྱི་བར་ལ་བགྲོ་གླེང་དང་། སྐད་ཆ་མང་པོ་བཤད་པ་ཡིན་ན་མི་མང་ནང་ཆབ་སྲིད་ཀྱི་མཐུན་སྒྲིལ་མེད་པའི་དཀའ་ངལ་ཡོང་གི་ཡོད་པའི་བསམ་ཚུལ་ཐོན་གྱི་ཡོད་པའི་སྐོར་བསམ་ཚུལ་གང་ཡོད་ཅེས་དྲིས་པར།
ཁོང་གིས། “མི་མང་ནང་ལ་མཐུན་སྒྲིལ་མེད་པ་ཞིག་ལ་ང་སྒེར་གྱི་ངོས་ནས་རྩ་བ་ཉིད་ནས་ངོས་འཛིན་ཞུ་གི་མེད། དཔེར་ན་ད་ལྟའི་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་ལམ་དབུ་མ་དེ་ལ་འགྲིག་གི་མི་འདུག་ཟེར་བ་ལ་སོགས་པའི་སྐྱོན་བརྗོད་བྱས་པ་རྩ་བ་ཉིད་ནས་བྱུང་ཡོད་པ་མ་རེད། ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་ལམ་དབུ་མ་དེ་ལ་རྒྱབ་འགལ་བྱས་བཞག་པ་དེ་འདྲ་རྩ་བ་ཉིད་ནས་བྱུང་ཡོད་པ་མ་རེད་ཞུ་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་འདོད་དགུ་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་པདྨ་ཚེ་རིང་ལ་གསར་འགོད་པས། རྣམ་པ་ཚོ་ས་གནས་གཞོན་ནུའི་ངོས་ནས་༧གོང་ས་མཆོག་གི་ས་ལུ་སྒར་གྱི་བཀའ་སློབ་སྐོར་ལ་ཐུགས་སྣང་ག་འདྲ་གནང་གི་ཡོད་མེད་སྐོར་དྲིས་པར།
ཁོང་གིས། “སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་ས་ལུ་སྒར་ལ་བཀའ་སློབ་གནང་བ་དེ་ང་ཚོ་མི་མང་ཚང་མས་གསན་ཡོད་པ་རེད། དེའི་ཐོག་ལ་བློ་ཚབས་ཟེར་ན་མི་འདུག གང་ལྟར་དེའི་ཐོག་ལ་གོམ་པ་ཞིག་རྒྱག་དགོས་ཀྱི་ཡོད་པ་ཞིག་ང་ཚོས་མཐོང་ནས། ས་གནས་གཞོན་ནུའི་རྒྱུན་ལས་དང་རྒྱུན་ཟུར། སློབ་སྟོན་པ་ང་ཚོ་ཚང་མ་འཛོམས་པ་ཡིན། ང་ཚོས་གྲོས་བསྡུར་སྐབས་མང་པོ་ཞིག་གིས་འགྱུར་བ་ཞིག་འགྲོ་དགོས་ཀྱི་ཡོད་པ་དེ་ཤུགས་ཆེན་པོ་གསུང་གི་འདུག ཡིན་ནའང་། ང་ཚོ་སྒྲིག་འཛུགས་ཤིག་རེད། གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཁྱབ་འོག་ཏུ་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོས་ག་རེ་ག་རེ་བྱུང་དང་མ་བྱུང་ཟེར་བ་དེ་རྣམ་པ་ཚོར་ཞུ་མ་བདེ་བ་ཏན་ཏན་ཡོང་གི་རེད་ཞུ་རྒྱུ་ཡིན།”ཞེས་འགྲེལ་བརྗོད་གནང་སོང་།
ཁྱེད་ཀྱིས་འགྱུར་བ་ཞིག་འགྲོ་དགོས་ཀྱི་འདུག་ཟེར་བ་དེའི་ནང་དོན་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་དགོས་ཀྱི་འདུག་ཟེར་བའི་ནང་དོན་རེད་དམ་ཞེས་དྲིས་པར།
ཁོང་གིས་“གང་ལྟར་ང་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་གནང་ཡོང་དུས། དེའི་ཐོག་ལ་འགྱུར་བ་ཞིག་འགྲོ་དགོས་ཀྱི་འདུག་ཟེར་དུས་ཕལ་ཆེར་དེ་འདྲ་ཞིག་ལ་གོ་ན་འགྲིག་གི་འདུག་ཞུ་རྒྱུ་ཡིན། བཀའ་སློབ་དེའི་ནང་གཞོན་ནུ་ལྷན་ཚོགས་མིང་འདོན་གང་ཡང་གནང་ཡོད་པ་མ་རེད། ཡིན་ནའང་། རང་བཙན་དང་ལམ་དབུ་མ་ཟེར་བའི་གནས་སྟངས་ཤིག་ཡོད་རེད། དེ་ཡིན་དུས་དེའི་ཐོག་ལ་བསམ་གཞིག་བྱེད་དགོས་པ་ཞིག་ཕལ་ཆེར་གཞི་གྲུབ་ཀྱི་འདུག་ཞུ་ཡི་ཡོད་”ཅེས་གསུངས་སོང་།
ཀོ་ལེ་གྷལ་དོན་ལྡན་གླིང་གི་ས་གནས་གཞོན་ནུའི་ཚོགས་གཙོ་གཅུང་ཚེ་རིང་རྡོ་རྗེ་ལ་གསར་འགོད་པས། རྣམ་པ་ཚོ་ས་གནས་གཞོན་ནུའི་ངོས་ནས་༧གོང་ས་མཆོག་གི་ས་ལུ་སྒར་ཀྱི་བཀའ་སློབ་སྐོར་ལ་ཐུགས་སྣང་ག་འདྲ་གནང་གི་ཡོད་ཅེས་དྲིས་པར།
ཁོང་གིས། “ང་ཚོ་དོན་ལྡན་གླིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོས་ས་ལུ་སྒར་གྱི་ཆོས་ཞུ་བ་ཡོངས་ལ་ཆབ་སྲིད་ཀྱི་བཀའ་སློབ་གསལ་ཞིང་རྒྱས་པ་གནང་བ་དེ། བློའི་ཡུལ་ལ་བཅིངས་ནས། སེམས་ནས་བཟོད་ཐབས་བྲལ་ནས། རི་བོང་རྡོ་བརྫུས་ལྟ་བུ་མ་ཡིན་པར། ང་ཚོ་འཛོམས་པ་ཡིན། གང་ཡིན་ཟེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདིས་སྔ་ཕྱི་བར་གསུམ་ལ་རྒྱ་མིས་བྱེད་ཕྱོགས། གདུག་རྩུབ་མནར་གཅོད་དེ་ལ་མི་བཟོད་པའི་ཐོག་ནས་དུས་ནས་དུས་སུ་ལན་འདེབས་དང་སྐད་འབོད་བྱས་བསྡད་པ་མ་གཏོགས། བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་ལ་འགལ་ཟླ་འགྲོ་བ་དང་། མོས་མཐུན་མེད་པ་ཞིག་ལ་ནམ་ཡང་བྱས་ཡོད་པ་མ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
༧གོང་ས་མཆོག་གི་ས་ལུ་སྒར་གྱི་བཀའ་སློབ་དེ་ལ་ཀོ་བ་ལེན་ཕྱོགས་ག་འདྲ་གནང་གི་ཡོད་ཅེས་དྲིས་པར།
ཁོང་གིས་“གཞོན་ནུའི་ད་ལྟ་བར་དུ་ག་རེ་གནང་བ་དེ་ལ་༧གོང་ས་མཆོག་གིས་ཐལ་མ་དྲགས་ན་བསྡུས་མ་དྲག་པའི་བཀའ་སློབ་དཔེ་ཡག་པོ་དེ་འདྲ་ཕེབས་ཡོད་རེད། ད་ཐེངས་དེ་སྤྱི་ཡོངས་ལ་རེད་མ་གཏོགས་ང་ཚོ་གཞོན་ནུ་ལྷན་ཚོགས་ལ་གནང་བ་ཞིག་མ་རེད། ད་ཐེངས་ཀྱི་བཀའ་སློབ་ཧ་ལས་པའི་གནད་འགག་ཆེན་པོ། བོད་དེ་ཆགས་དང་འཇིག རྒྱ་བོད་ཞི་མོལ་གྱི་ཐོག་ལ་འབྲེལ་མཐུད་བྱས་ན་བྱེད་ས་ཡོད་པ་ཞིག་དང་། རང་བཙན་ཟེར་བའི་ཚིག་བེད་སྤྱོད་བྱས་ནས་བསྡད་ན་འགྲུབ་རྒྱུ་མེད་པ་ཞིག་དང་། ནམ་ཞིག་འཚེ་བའི་ལམ་དུ་འགྲོ་རྒྱུ་ཞིག་གི་བཀའ་སློབ་ཟབ་མོ་ཞིག་རེད། ད་ལྟ་བར་ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གསུང་ཇི་བསྒྲུབ་ཞུ་གི་ཡིན་ཟེར་ནས་ཕྱིན་པ་རེད། སོ་སོའི་ལངས་ཕྱོགས་དེ་རེད་མ་གཏོགས། བོད་མིའི་སྒྲིག་འཛུགས་ཀྱིས་འགྲིག་གི་མི་འདུག་ཞུས་བཞག་པ་ཞིག་རྩ་བ་ནས་ཡོད་པ་མ་རེད། ད་དུང་ཡིན་ནའང་དེ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
གླེང་ཕྱོགས་འདི་འདྲ་ཡང་ཡང་བྱུང་ན་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་རེད་དམ་ཞེས་དྲིས་པར།
ཁོང་གིས་ “ད་དུས་ལ་བབ་འདུག ག་རེ་ཡིན་ནའང་བཟང་ཕྱོགས་ཀྱི་རྣམ་པ་ཡག་པོ་ཞིག་གི་ཐོག་ལ་གྲུབ་འབྲས་ཐོན་གྱི་རེད་བསམ་གྱི་འདུག ང་ཚོའི་དམིགས་ཡུལ་ལངས་ཕྱོགས་རང་བཙན་གཙང་མ་ཡིན་ཟེར་ནས་གསལ་འདོན་བྱས་བཞག་པ་དེ་ལ་ད་རེབ་གནས་ཚུལ་འདིའི་ཐོག་ནས་འཕྱི་མ་དྲགས་ནའང་སྔ་མ་དྲགས་པའི་ཐོག་ནས་འགྱུར་བ་ཞིག་འགྲོ་རྒྱུའི་དུས་ལ་བབ་འདུག་བསམ་ནས་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་ཚེ་དབང་ལ་༧གོང་ས་མཆོག་གི་ས་ལུ་སྒར་གྱི་བཀའ་སློབ་སྐོར་ལ་ཐུགས་སྣང་ག་འདྲ་གནང་གི་ཡོད་སྐོར་དྲིས་པར།
ཁོང་གིས་“༧སྐྱབས་མགོན་རིན་པོ་ཆེས་ས་ལུ་སྒར་དུ་བཀའ་སློབ་གནང་བ་དེའི་ཐོག་ལ། གྲོས་བསྡུར་བྱེད་རྒྱུ་བྱུང་། ས་ལུ་སྒར་དུ་རང་བཙན་གྱི་སྐོལ་ལ་བཀའ་སློབ་ཡིན་དུས། ཚང་མས་འདི་༧སྐྱབས་མགོན་རིན་པོ་ཆེས་བོད་མི་སྤྱི་མཚུངས་ལ་བཀའ་གནང་ཡོད་པ་དང་། གཞོན་ནུ་ཚོགས་པར་དམིགས་བསལ་བཀའ་གནང་བ་མིན་པས། ང་ཚོ་འདིར་(སྦེལ་ཀོབ་ཏུ།) ཚོགས་འདུའི་ཐོག་གྲོས་བསྡུར་ག་རེ་བྱུང་བ་གཞིར་བཞག་གིས། ཡར་དབུས་གཞོན་ནུ་ལ། དབུས་རྒྱུན་ལས་ཚོས་འདིའི་ཐོག་ལ་ཚོགས་འདུ་འཚོགས་ཡོད་དང་མེད། དབུས་ནས་ཚོགས་ཡོད་པ་ཡིན་ན། ས་གནས་ས་ཐོག་ལ་ད་ལྟ་བར་དུ་ལམ་སྟོན་དང་བཀའ་སློབ་གང་ཡང་མེད་པ་དེ་ལ། ས་གནས་ནས་དབུས་ལ་ཕྱག་བྲིས་ཕུལ་བ་དེ་འདྲ་ཞིག་གོ་བསྡུར་བྱུང་སོང་”ཞེས་འགྲེལ་བརྗོད་གནང་སོང་།
ས་ལུ་སྒར་དང་ཡོ་རོབ་ཁུལ་དུ་ཡང་རང་བཙན་དང་དབུ་མའི་སྐོར་ལ་བཀའ་སློབ་ནན་པོ་གནང་ཡོད་པ་རེད། དེ་འདྲ་ཡིན་དུས་ཧུན་ས་གནས་གཞོན་ནུའི་ངོས་ནས་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་མེད་སྐོར་ལ་བསམ་ཚུལ་གང་ཡོད་ཅེས་དྲིས་པར།
ཁོང་གིས། “ང་ཚོ་ཧུན་སུར་ནས་ད་ལྟའི་སྐབས་སུ་མང་མོས་ཀྱི་ཐོག་ནས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་ཞིག་གང་ཡང་མཐོང་གི་མི་འདུག གང་ཡིན་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེས་གཞོན་ནུའི་ཚོགས་པ་ལ་དམིགས་སུ་བཀར་ནས་བཀའ་སློབ་ཕེབས་མེད་པ་ཡིན་དུས། གཞོན་ནུའི་ལངས་ཕྱོགས་དེ་སྔོན་མ་ནས་གོང་མ་ཚོས་སྐུ་ལས་མང་པོ་བསྐྱོན་པ་ཞིག་ཡིན་པའི་ཆ་ནས། ད་ལྟའི་ཆ་ལ་དཀའ་ལས་ཁག་པོ་རེད། ཡིན་ནའང་། གཞོན་ནུའི་སྒྲིག་གཞི་གཞིར་བཟུང་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ནང་བཞིན་བྱས་ནས་ལས་འགུལ་སྤེལ་བ་དེ་ཚོ་ཚང་མ་དེ་གཞིར་བཟུང་འགྲོ་དགོས་ཀྱི་འདུག་ཟེར་གྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་དེ་ག་འདྲ་རེད། སྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གསུང་གི་ཡོད་རེད། གཞོན་ནུའི་རང་བཙན་བཤད་ཀྱི་ཡོད་རེད་ཅེས་དྲིས་པར།
ཁོང་གིས་“གཞོན་ནུ་ཚོགས་པ་བཙུགས་པའི་སྐབས་ནས་གཞོན་ནུ་ཚོགས་པར་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཟབ་རྒྱས་མང་པོ་གནང་ཡོད་པ་རེད། བསྔགས་བརྗོད་གནང་ཡོད་རེད། ཉེ་ཆར་ལ་དྭགས་ནས་གཞོན་ནུའི་སྒྲིག་འཛུགས་ནང་གི་མི་རེ་ཟུང་ལ་བཀའ་དེ་འདྲ་ཞིག་གནང་པ་ལས། གཞོན་ནུའི་ཚོགས་པ་ཁོ་རང་ལ་དམིགས་བསལ་བཀའ་དེ་འདྲ་ཕེབས་བཞག་པ་མེད་དུས། ད་ལྟ་བར་དུ་གཞོན་ནུ་ཚོགས་པས་ལས་འགུལ་གང་སྤེལ་བ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཞིག་ལས་ང་ཚོ་ཧུན་སུར་རབ་རྒྱས་གླིང་ནས་བཀའ་དང་མི་མཐུན་པ་ཞིག་སྤེལ་མེད་ཞུ་རྒྱུ་ཡིན། དེ་འདྲའི་བརྒྱུད་ལམ་ལ་བལྟས་ནས་ཧུན་སུར་རབ་རྒྱས་གླིང་གི་བསམ་ཚུལ་དེ་འདྲ་ཡིན་ཞུ་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།།
མེ་སོར་གསར་འགོད་པས།