མེ་ལྕེའི་རྒྱབ་ངོས་ཞེས་པའི་འཁྲབ་སྟོན།

belkob1_2013_4_20ཟླ་འདིའི་ཚེས་༡༩ ཉིན་གྱི་མཚན་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་མཚོན་པའི་ “མེ་ལྕེའི་རྒྱབ་ངོས།” ཞེས་པའི་གཏམ་རྒྱུད་ཅིག་འཁྲབ་ནས། ས་གནས་ཀྱི་སེར་སྐྱ་མི་མང་ལ་བོད་དོན་འཐབ་རྩོད་ཀྱི་སྐུལ་སློང་སྤེལ་རྒྱུ་ཡིན་ཞེས་ས་གཞོན་ཚོགས་གཙོ་ཚེ་རིང་ལྷ་སྐྱབས་ཀྱིས་གསུངས་སོང་།

དེ་ཡང་མེ་ལྕའི་རྒྱབ་ངོས་ཞེས་པའི་གཏམ་རྒྱུད་དེའི་ནང་དོན་ནི་གངས་རིའི་མེ་ལྕེ་ཞེས་པའི་རྟོགས་བཟོའི་མི་སྣ་ཞིག་གི་གཏམ་རྒྱུད་ཅིག་གིས། བོད་ནང་གི་མདོ་དབུས་ཁམས་གསུམ་དང་། ཞིང་འབྲོག་དགོན་གསུམ། སློབ་གྲྭ་དང་། གྲོང་ཁྱེར་བཅས་ཀྱི་ནང་། རྒྱ་ནག་གཞུང་གིས་བོད་མིར་བཟུང་བའི་སྲིད་ཇུས་དང་། བྱ་འགུལ། སློབ་གསོ་ག་འདྲ་སྤེལ་ཡོད་ཀྱི་ཡོད་པའི་གནས་ཚུལ་མཚོན་ཐབས་བྱས་འདུག། རྒྱ་ནག་གིས་བོད་མིར་བཟུང་བའི་སྲིད་ཇུས་དང་། བྱ་འགུལ་གང་སྤེལ་བ་དེ་དག་ཁྲིམས་ལུགས་དང་། སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ། འགྲོ་བ་མིའི་ཐོབ་ཐང་སོགས་དང་རྒྱབ་འགལ་དུ་གྱུར་ཡོད་པའི་གནས་ཚུལ་དེའི་འོག་ནས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་སྐད་འབོད་དང་། རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བཞིན་ཡོད་པའི་རྣམ་པ་མཚོན་ཐབས་བྱས་འདུག

belkob_2013_4_20གཏམ་རྒྱུད་བཀོད་སྒྲིག་པ་ས་གནས་གཞོན་ནུའི་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་གཏམ་རྒྱུད་འགོ་འཛུགས་ཀྱི་ངོ་སྤྲོད་གཏམ་བཤད་སྐབས། སྤྱིར་བཏང་ལོ་རྟག་པར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་རིག་ཞུང་སྲུང་སྐྱོབ་ཆེད། རིག་གཞུང་འཁྲབ་སྟོན་ཞུ་བཞིན་ཡོད་ནའང་། ཕྱི་ལོ་༢༠༠༩ ནས་བཟུང་བོད་ནང་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་གྲངས་༡༡༥ རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་བྱུང་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན། བཙན་བྱོལ་བོད་མི་མང་ཚོགས་ནང་རྒྱལ་ཞེན་དང་སེམས་འགུལ་ཐེབས་པའི་ཆེད་དུ་གཏམ་རྒྱུད་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

belkob1_2013_4_20

གཞན་ཡང་གཏམ་རྒྱུད་འཁྲབ་སྟོན་གྱི་ཐོག་མིའི་སྐུ་མགྲོན་གཙོ་བོ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ཀྱིས། བོད་ནང་གི་གནས་སྟངས་ག་འདྲ་ཞིག་ཡིན་མིན་འགྲེལ་བཤད་རྒྱག་མི་དགོས་པར་མི་ཚང་མས་ཤེས་ཀྱི་ཡོད་རེད། ཡིན་ནའང་། གཏམ་བརྗོད་ཀྱི་ལམ་ནས་གཟིགས་འབུལ་ཞུས་པ་ཡིན་ན་མང་ཚོགས་ཀྱི་ནང་ལ་གོ་རྟོགས་ཡག་པོ་ཡོང་ཐུབ་པ་རེད་ཅེས་དང་། ཁོང་གིས་མུ་མཐུད་དུ་གསུང་དོན། འདས་པའི་ལོ་རྒྱུས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་བོད་དོན་ལས་འགུལ་སྣང་མང་སྤེལ་ཡོད་པ་དང་། དེ་ལ་བོད་ཕྱི་ནང་གཉིས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ཆེའི་མང་ཚོགས་ཀྱིས་བསྔགས་བརྗོད་དང་ཆེ་མཐོང་ཡང་དག་པ་ཞིག་ཡོད་རེད། དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ངེས་ཅན་བཞི་ཡོད་པ་གཞིར་བཟུང་ལག་བསྟར་བྱས་པ་ཡིན་པས་དེ་ལྟར་བྱུང་བ་རེད། མ་འོངས་པར་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དམིགས་ཡུལ་བཞི་ཡོད་པ་གཞིར་བཟུང་ཕྱག་ལས་གནང་ན་ད་ལྟ་ཆེ་མཐོང་གང་ཡོད་པ་དེ་མུ་མཐུད་ནས་སྡོད་ཀྱི་རེད། ཅེས་སོགས་གསུངས་ཡོད་པ་རེད།

མེ་ལྕེའི་རྒྱབ་ངོས་ཞེས་པའི་གཏམ་རྒྱུད་རྩོམ་སྒྲིག་པ་དང་། འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་ནི་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་གཞོན་ནུའི་རུ་ཁག་གི་དགེ་རྒན་རྣམས་རེད་ལ། གཏམ་རྒྱུད་དེ་ཐོག་མར་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གཙོའི་ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་གི་ཚོགས་གཙོ། དགོན་སྡེ་ཁག་གི་ཕྱག་མཛོད་སོགས་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གནད་ཡོད་མི་སྣ་རྣམས་ལ་གཟིགས་འབུལ་རྒྱུ་དང་། དེ་ནས་རིམ་བཞིན་གཞིས་གྲོང་ཁག་གི་མི་མང་དང་། སློབ་གྲྭའི་སློབ་ཕྲུག་སོགས་ལ་ཉིན་བཞིའི་རིང་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག །

མེ་སོར་གསར་འགོད་པས།