འཕྲོད་བསྟེན་བཀའ་བློན་གྱི་མོན་གྷོ་ཌི་རུ་གཟིགས་སྐོར།

tsering_wangchuk_speach2_2013_4_19བོད་གཞུང་འཕྲོད་བསྟེན་བཀའ་བློ་ཚེ་རིང་དབང་ཕྱུག་གིས་ཟླ་འདིའི་ཚེས་༡༦ ནས་ཉིན་གསུམ་རིང་། རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀའི་མངའ་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་འཚམས་གཟིགས་གནང་ཡོད་པ་རེད།

བཀའ་བློན་གྱིས་ཉིན་དང་པོའི་སྔ་དྲོ་ས་འཐུས་ལས་ཁང་དང་ས་གནས་འགོ་འཛིན་ལས་ཁང་།   དེ་བཞིན་རང་བདེན་ཚོགས་ཆུང་གི་ལས་ཁང་དང་མི་མང་མཉམ་འབྲེལ་ལས་ཁང་བཅས་དང་།   གཞན་ཡང་མོན་གྷོ་ས་གནས་མི་མང་མཉམ་འབྲེལ་འཛུགས་བསྐྲུན་རྟེན་གཞི་ཁག་ལ་འཚམས་གཟིགས་གནང་བ་དང་།  ཉིན་འདིའི་ཕྱི་དྲོ་མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་དང་གདན་ས་གྲྭ་ཚང་ཁག་གི་འཕྲོད་སྟེན་སྨན་ཁང་ཁག་དང་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་རེད།

དེ་ནས་ཕྱི་ཚེས་༡༧ ཉིན་གདན་ས་ཆེན་མོ་དགའ་འབྲས་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་ལ་འཚམས་གཟིགས་དང་འབྲེལ་མཆོད་མཇལ་ཕེབས་ཡོད་པ་དང་། ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་མོན་གྷོ་གཞི་སྤྱི་ཚོགས་ཁང་ཆེན་མོར་མི་མང་བསྡུ་བསྐོང་གིས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ལྷོ་ཕྱོགས་གཞིས་ཆགས་ཁག་ལ་འཚམས་གཟིགས་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་དང་།   དེའི་ནང་ནས་དང་པོ་དེ་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་ངོ་སྤྲོད་ཆེད་དུ་ཡིན་པས། ཁོང་གིས་ཆིག་སྒྲིལ་གྱི་སྐོར་གསུངས་དོན། “ང་རང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་སྤྱི་ཚོགས་ཞིག་དང་།   རྩ་དོན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས།  རྩ་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དང་ལམ་ལྷོང་ཡག་པོ་ཞིག་ཡོང་བའི་ཆེད་དུ་གཅིག་སྒྲིལ་དེ་མེད་ཐབས་མེད་པ་ཞིག་ཆགས་ཀྱི་ཡོད་པ་རེད།   གཅིག་སྒྲིལ་དེ་བོད་མི་ཚང་མ་དབྱེ་བ་མེད་པའི་ཐོག་ནས་ཆོལ་ཁ་དང་ཆོས་བརྒྱུད་དབྱེར་མེད་དང་ཕོ་མོ་འདྲ་མཉམ་དེ་བཞིན་སྐྱོ་བོ་དང་ཕྱུག་པོ་སོགས་དབྱེར་མེད་ཀྱི་གཞུང་མང་གཉིས་ཀྱིས་སྔར་ལས་ལྷག གཅིག་སྒྲིལ་ཐོག་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད་འདུག་”ཅེས་གསུངས་སོང་།

ཁོང་གིས་གསར་བཏོད་ཀྱི་སྐོར་གསུངས་དོན། “ང་ཚོ་བཙན་བྱོལ་ལ་སླེབ་ནས་ལོ་ལྔ་བཅུ་ལྷག་འགྲོ་ཡི་ཡོད་རེད།  དེའི་རིང་ལ་༧རྒྱལ་བ་རིན་པོ་ཆེ་དང་མི་ཐོག་རྒན་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་བོད་པའི་གཞིས་ཆགས་དང་སློབ་གྲྭ་དེ་བཞིན་དགོན་སྡེ་ཁག་བཅས་ཡར་རྒྱས་གང་འཚམས་འགྲོ་བསྡད་ཡོད་རེད།   བོད་དོན་དྲིལ་བསྒྲགས་ཐོག་ནས་ཡིན་ན་སྔར་དང་མི་འདྲ་བ་ཞིག་ཡོང་གི་ཡོད་རེད།  ད་དུང་སློབ་གྲྭའི་ནང་སློབ་སྦྱོང་བྱེད་ཕྱོགས་དང་བོད་དོན་དྲིལ་བསྒྲགས་གཞན་ཡང་མི་སྒེར་དང་ཚོགས་པ་སོགས་ཕྱོགས་ཡོངས་ནས་དུས་རྒྱུན་དང་མི་འདྲ་བར་གསར་གཏོད་ཐོག་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

tsering_wangchuk_speach1_ 2013_4_19ཁོང་གིས་རང་ཁ་རང་གསོ་ཡི་སྐོར་གསུངས་དོན།  “ད་ལྟ་བར་དུ་མི་ལོ་ལྔ་བཅུ་ལྷག་ཅིག་རིང་ལ་ཕྱི་ལ་ལག་པ་བསྐྱངས་ནས་བཞུགས་བསྡད་ཡོད་པ་རེད། ད་ནས་བཟུང་ང་རང་ཚོའི་སྤྱི་ཚོགས་འདི་རིམ་པས་རིམ་པས་རང་ཁ་རང་གསོ་བྱེད་ཐུབ་པའི་རེ་བ་དང་འབད་རྩོན་བྱེད་དགོས་ཀྱི་ཡོད་པ་རེད།  དེ་ཡང་མི་རེ་ངོ་རེ་ནས་སོ་སོའི་རྐང་པའི་སྒང་ལ་ལངས་ནས་ཕྱི་ལོགས་སུ་ལག་པ་ཟེད་མི་དགོས་པའི་ཐབས་ཤེས་དང་རང་གཞུང་ལ་གང་ཉུང་ཉུང་མ་གཏོགས་བརྟེན་མི་དགོས་པའི་ཐོག་ནས་རང་ཁ་རང་གསོ་ཚད་མཐོན་པོ་ཞིག་ཡོང་བ་ལ་གཞུང་མང་ཚང་མའི་ངོས་ནས་ཤུགས་བསྐྱོན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།   ང་རང་ཚོའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་ནང་གི་བོད་མི་ཚོའི་རང་དབང་སླར་གསོ་བྱེད་རྒྱུ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་རྒྱུ་དེ་རེད།  ཡིན་ན་ཡང་རང་ཁ་རང་གསོ་དེ་ང་ཚོའི་ཉེ་བའི་དམིགས་ཡུལ་ཆགས་བསྡད་ཡོད་རེད།   སྤྱི་ཚོགས་གང་འདྲ་ཞིག་ཡིན་ན་རེད།  ལྷག་པར་རྩ་དོན་རྩོད་མཁན་གྱི་སྤྱི་ཚོགས་ཤིག་ཡིན་ན་རང་ཁ་རང་གསོ་ཚད་མཐོན་པོ་ཞིག་ལ་སླེབ་མ་ཐུབ་པ་ཡིན་ན་ཕུགས་ཀྱི་དམིགས་ཡུལ་དེ་འགྲུབ་ཁག་པོ་ཆགས་བསྡད་ཡོད་རེད།   དེ་ལྟ་བུའི་དམིགས་ཡུལ་དེ་ལེགས་གྲུབ་བྱུང་དགོས་ན་གཞུང་མང་གཉིས་དང་ལྷག་པར་ཕ་མ་དང་སློབ་ཕྲུག་དགེ་རྒན་སོགས་ཕྱོགས་ཡོངས་ནས་ནུས་པ་མཉམ་སྤུངས་ཀྱིས་ཤེས་ཡོན་ཐོག་ཤུགས་བསྐྱོན་དགོས་པ་གལ་ཆེན་པོ་རེད་”ཅེས་སོགས་གསུངས་སོང་།

ཁོང་གིས་མུ་མཐུད་ནས་རང་གཞུང་འཕྲོད་སྟེན་ལས་ཁང་ངོ་སྤྲོད་དང་འབྲེལ་འཕྲོད་བསྟེན་ལས་ཁང་གིས་འཆར་འགོད་ལས་རིམ་ཁག་གཅིག་གིས་ཐོག་མི་མང་ལ་གསལ་བཤད་དང་འབྲེལ་བརྗོད་གནང་དོན། “ལྷན་ཁང་ཁག་བདུན་ནང་ནས་མི་མང་དང་ཐད་གར་འབྲེལ་བ་ཡོད་པའི་ལས་ཁུངས་ནང་སྲིད་དང་ཤེས་རིག འཕྲོད་བསྟེན་གསུམ་རེད།  དེའི་ནང་ནས་གཅིག་འཕྲོད་བསྟེན་ལས་ཁུངས་དེ་ལྷན་ཁང་བདུན་ནང་ནས་གསར་ཤོས་དེ་ཡང་ཆགས་བསྡད་ཡོད་རེད།  ཐོག་མ་ཕྱོ་ལོ་༡༩༨༡ ལོར་འགོ་འཛུགས་གནང་ནས་ད་ལྟ་བར་༣༢ ཙམ་འགྲོ་ཡི་ཡོད་པ་རེད།  དེ་ཡང་རང་གཞུང་འཕྲོད་བསྟེན་ལས་ཁང་གི་མི་མང་ཞབས་ཞུ་གཙོ་བོ་དེ་ང་རང་ཚོའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་ཐོག་ནས་མང་ཚོགས་ཀྱི་འཕྲོད་བརྟེན་ཐོག་གཟིགས་རྟོགས་གནང་བསྡད་ཡོད་པ་རེད།   བོད་ཀྱི་སྲོལ་རྒྱུན་གསོ་རིག་འཕྲོད་བསྟེན་ཁྱབ་ཁོངས་སྨན་རྩིས་ཁང་ཡན་ལག་སྨན་ཁང་༥༧ དང་ཕྱི་ལུགས་སྨན་ཁང་ཁག་༥༥ ཙམ་ཡོད་པ་རེད་ལ་དེ་ཚོ་ཚང་མའི་མི་མང་གི་འཕྲོད་བསྟེན་སྨན་བཅོས་གསར་གཏོད་དང་འགྲེལ་བའི་སློབ་གསོའི་ལས་གཞི་ཁག་དང་།  ཊི་སྤི་སྔོན་འགོག་དང་མ་དང་བྱིས་པའི་འཕྲོད་བསྟེན་སོགས་ཀྱི་ཐད་ལ་ལས་གཞི་ཁག་འདྲ་མིན་སྤེལ་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

དེ་བཞིན་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་འབྲེལ་བའི་སྐོར་ལ་ལམ་སྟོན་གསུང་བཤད་གནང་དོན།     སྔོན་མ་ཛ་དྲགས་སྨན་བཅོས་ལབ་པ་ཞིག་ཡོད་པ་རེད།  དེ་སྒོ་རྒྱབ་ནས་གསར་གཏོད་བྱས་ཏེ་སྨན་བཅོས་ལྟ་སྐྱོང་ལས་གཞི་ཟེར་བ་འདི་འགོ་བཙུགས་པ་རེད།  དེའི་དམིགས་ཡུལ་གཙོ་བོ་དེ་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་རིམ་པ་གསུམ་པའི་སྒང་ལ་དགོས་མཁོ་ཆགས་པའི་སྐབས་སུ་དཔལ་འབྱོར་གྱི་རྒྱབ་རྟེན་གང་ཐུབ་ཐུབ་ཞིག་འཕྲོད་བསྟེན་ལས་ཁང་ཐོག་ནས་མཐུན་རྐྱེན་སྦྱར་ཐུབ་པའི་འབད་བརྩོན་ཞུ་འཆར་ཡོད་རེད།   ཡིན་ན་ཡང་སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་ཐོག་ནས་དཀའ་ངལ་བརྒྱ་ཆ་བརྒྱ་སེལ་ཐུབ་པ་ཁག་པོ་རེད། མ་འོངས་པ་ཡིན་ན་དཀའ་ངལ་ཚང་མ་སེལ་ཐུབ་ཐབས་ཡོད་པ་མ་རེད།  འོན་ཀྱང་མི་མང་བརྒྱ་ཆ་བདུན་ཅུ་བརྒྱད་ཅུའི་དཀའ་ངལ་སེལ་ཐུབ་ཐབས་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་ལ།  སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་འགོ་བཙུགས་ནས་ལོ་གཅིག་ཙམ་འགྲོ་ཡི་ཡོད་རེད།  ཡིན་ན་ཡང་ལས་གཞི་འདིའི་ནང་ཆ་ཤེས་ལེན་མཁན་མི་མང་ཧ་ཅང་ཉུང་ཉུང་རེད་འདུག  དཔེར་ན་མོན་གྷོ་ཌི་ལ་མི་གྲངས་༡༠༠༠༠ ལྷག་ཡོད་རེད།  སྨན་བཅོས་ལྟ་སྐྱོང་ལས་གཞི་རིམ་པ་དང་པོའི་ནང་ཆ་ཤས་ལེན་མཁན་མི་གྲངས་༥༧༠ ཙམ་ལས་མི་འདུག   སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསར་གཏོད་དང་རང་ཁ་རང་གསོ་གཉིས་དང་འབྲེལ་བ་ཆགས་ཡོད་རེད་ལ།   ལས་གཞི་འདིའི་མི་མང་གིས་འཕྲལ་ཕུགས་རྒྱང་གསུམ་ལ་ཁེ་ཕན་ཆེན་པོ་ཡོད་པས་འབྱུང་འགྱུར་མི་མང་གང་མང་མང་མཉམ་ཞུགས་བྱེད་རོགས་ཞེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།