ཧྥ་རན་སིའི་སྲིད་འཛིན་ལ་བོད་དོན་གླེང་དགོས་པའི་སྐུལ་མ།
ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་འགྲོ་བའི་གོ་སྐབས་དང་བསྟུན་ཏེ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྲིད་འཛིན་གྱིས་ཐེངས་འདིར་རྒྱ་ནག་གི་མགོ་ཁྲིད་གསར་པའི་ལྷན་དུ། རྒྱ་ནག་དང་བོད་ཤིན་ཇང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་པའི་སྐུལ་མ་བྱས་ཡོད་འདུག
དེ་ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཧྥ་རན་སིའི་ཡན་ལག་སྡེ་ཚན་གྱི་དྲ་བར་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ དང་༢༦ བཅས་ཉིན་གཉིས་ཀྱི་རིང་ཧྥ་རན་སིའི་སྲིད་འཛིན་ཧོལ་ལིན་ཌི་(Francois Hollande)མཆོག རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་འགྲོ་བའི་གོ་སྐབས་དང་བསྟུན་ཏེ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྲིད་འཛིན་མཆོག་ལ་རྒྱ་ནག་གི་མགོ་ཁྲིད་གསར་པའི་ལྷན་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་བོད་དང་ཤིན་ཇང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་དགོས་པའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༨ ཉིན་ཧྥ་རན་སིའི་ཡན་ལག་སྡེ་ཚན་གྱི་ངེས་སྟོན་པའི་མིང་ཐོག་ནས། ཧྥ་རན་སིའི་སྲིད་འཛིན་ཧོལ་ལིན་ཌི་(Francois Hollande)མཆོག་ལ་རེ་སྐུལ་ཞུ་ཡིག་ཅིག་ཕུལ་བའི་ནང་འཁོད་དོན། རྒྱ་ནག་དེ་འཛམ་གླིང་ནང་ལི་ཞཱ་པོ་ལྟ་བུའི་འཛམ་གླིང་ཞི་བདེའི་དེད་དཔོན་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་ཕྱི་ལོ་༢༠༠༨ ནས་བོད་ནང་དྲག་གནོན་ཚད་མེད་བྱས་པའི་རྐྱེན་གྱིས།
ད་བར་བོད་མི་བརྒྱ་བརྒལ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པས། སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་སྐབས་གནད་དོན་དེ་དག་གི་ཐོག་གླེང་སློང་ངེས་པར་དུ་བྱེད་དགོས། གལ་ཏེ་གླེང་སློང་མ་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་དོ་ཕོག་ཡོང་རྒྱུ་ཡིན་ཞེས་འཁོད་ཡོད་འདུག
དེ་བཞིིན་གོ་སྐབས་འདི་དང་བསྟུན་ཏེ་ཧྥ་རན་སིར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་། སྲིད་འཛིན་མཆོག་ལ་འཚམས་གཟིགས་འདིའི་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་དགོས་པའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་པ་རེད།