པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
རྒྱ་གར་ལྷོ་ཕྱོགས་ཧོང་སུར་རབ་རྒྱས་གླིང་སེར་སྐྱ་མང་ཚོགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་གཅིག་པའི་སྐུའི་འཁྲུངས་སྐར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྲུང་བརྩི་ཞུས་ཡོད་ནང་། པཎ་ཆེན་རིན་པོ་ཆེ་༡༩༩༥ རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་གར་ཡོད་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པ་རེད།
དེ་ཡང་ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། ་ཕྱི་ལོ་༢༠༡༣ ཟླ༤ ཚེས༢༥ཉིན། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སྨད་རྒྱུད་གྲྭ་ཚང་དུ་སྔ་དྲོ་ཆུ་ཚོད་༨།༣༠ཐོག་ས་གནས་སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་འདུ་འཛོམས་ཐོག བསང་གསོལ་གཟབ་རྒྱས་དང་རླུང་རྟའི་དར་འཐེན་ཞུས་གྲུབ་རྗེས། སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱིས་གཙོས་པའི་དགེ་འདུན་པ་པ་དང་མང་ཚོགས་ཡོངས་ནས་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་སྐུ་པར་གདན་ཞུས་ཀྱིས་ཚོགས་ཁང་དུ་མཛད་གཙོ་རྣམ་པས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བསྟན་འཛིན་པདྨས་མཛད་རིམ་ངོ་སྤྲོད་གནང་། དེའི་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་སྐར་མ་གཉིས་རིང་གནང་སྟེ། བདེན་ཚིག་སྨོན་ལམ་འུར་འདོན་གནང་།
བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྗེས་ངོ་སྤྲོད་དང་འབྲེལ་ལྷག་དཀར་སྲུང་བརྩི་ཞུ་རྒྱུ་གལ་ཆེའི་གསུང་བཤད་ལམ་སྟོན་དང་། བོད་ནང་གི་ད་ལྟའི་གནས་བབ་དང་རྒྱ་གཞུང་གི་གདུག་རྩུབ་དང་ནོར་འཁྲུལ་གྱི་སྲིད་བྱུས། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་། པན་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སྒྲོག་སྦྱོང་འུར་འདོན་དང་། མཇུག་ཏུ་ས་གནས་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། མཛད་སྒོ་གྲོལ་ཡོད་པ་རེད།
ཆུང་སྲིད་པཎ་ཆེན་དགེ་འདུན་ཆོིས་ཀྱི་ཉི་མ་མཆོག་ཕྱི་ལོ་༡༩༩༥ ལོར་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་གནང་རྗེས། རྒྱ་གཞུང་གིས་ཁོང་དང་ཁོང་གི་སྐུ་འཁོར་ཚང་མ་བཙན་ཁྲིད་ཀྱིས་ད་ལོར་ངོ་ལོ་༡༨ འཁོར་གྱི་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ཆུང་སྲིད་རིན་པོ་ཆེས་གཙོས་པའི་ཁོང་གི་ཡབ་ཡུམ་གཉིས་དང་ སྐུ་འཁོར་ཚོའི་གནས་སྟངས་ཅི་ཡིན་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་རེད།
ད་གཞིན་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ས་གནས་བུད་མེད་ཚོགས་པ་ཁག་དང་། དྷ་སའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་དང་། ཁོང་གི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུས་ཡོད་པ་རེད།།