ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྐབས་བཞི་པའི་ཚོགས་མི་འོས་འདེམས་གསལ་བསྒྲགས་དང་ ཚོགས་གཙོ་གསར་པའི་བསྒྲགས་གཏམ།
རྒྱ་ཆེ་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ།
དགོངས་མངའ་བཞིན་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནི་ཕྱི་ལོ་༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་གཏན་ལ་འབེབས་པའི་འོག་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་སྨན་སྦྱོར་ཚད་ལྡན་བཏང་འཛིན་ཡོང་སླད་ཆེད་འཛུགས་གནང་བ་ཞིག་ཡིན།
ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༥ ཉིན་སྨན་ལྷན་འོས་བསྡུ་ཚོགས་ཆུང་ནས་སྐབས་བཞི་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འོས་གསལ་བསྒྲགས་གནང་ཡང་སྐབས་དེ་དུས་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་གྱི་འོས་བསྡུ་གནང་མ་ཐུབ་པར་འགྱངས། ཉེ་བའི་ཕྱི་ཟླ་༤ ཚེས་༡༥ ཉིན་འོས་བསྡུ་ཚོགས་ཆུང་ནས་འོས་འདེམས་བྱུང་བའི་ཚོགས་མི་རྣམས་ས་གནས་སུ་བསྐོང་ཚོགས་ཀྱིས་ཁྲིམས་སྒྲིག་དགོངས་དོན་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གསུམ་འོས་འདེམས་གནང་ནས་སྐབས་བཞི་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་གཤམ་གསལ་ཚོགས་མི་རྣམས་འདེམས་བསྐོས་གནང་ཡོད།
སྐབས་བཞི་པའི་སྨན་ལྷན་ཚོགས་གཙོའི་བསྒྲགས་གཏམ།
ད་ལན་གསར་འཕྲིན་གསལ་བསྒྲགས་འདི་བརྒྱུད་ནས་ཐོག་མར་སྐབས་བཞི་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གསོ་བ་རིག་པའི་རྗེས་འཛིན་སྨན་པ་དང་སྨན་སྦྱོར་བ། དེ་བཞིན་བོད་ཀྱི་རིག་གཞུང་འདིར་གུས་བརྩི་རྒྱབ་སྐྱོར་གནང་མཁན་བོད་སྨན་མཐུན་གྲོགས་གཙོས་འབྲེལ་ཡོད་ཚོགས་སྒེར་ཚང་མར་སྙིང་དབུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ངོས་རང་བོད་ཀྱི་གསོ་བ་རིག་པའི་རྗེས་འཛིན་སྨན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་འདི་ཉིད་མི་ཉམས་གོང་སྤེལ་དང་ལྷག་པར་ད་ལན་ཚོགས་གཙོར་འོས་འདེམས་གནང་བར་གསོ་རིག་སྨན་པའི་ལྷན་ཚོགས་འདི་ཉིད་ཐོག་མར་ཆེད་འཛུགས་གནང་བའི་དམིགས་ཡུལ་དང་དགོས་པ། དེ་བཞིན་ལྷན་ཚོགས་འདིའི་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡོང་བ་བྱ་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་དགུའི་ནང་སྐབས་གོང་མའི་ཚོགས་མི་རྣམས་ནས་གསོ་རིག་སྨན་པ་དང། སྨན་གྱི་སློབ་གཉེར་ཁང། དེ་བཞིན་སྨན་དང་སྨན་སྦྱོར་ཁང་དེབ་སྐྱེལ་དང་འབྲེལ་བའི་སྒྲིག་གཞི་གཏན་འབེབས་ཀྱིས་ལག་བསྟར་གང་ལེགས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཀྱང་མ་འོངས་པར་ཡང་མུ་མཐུད་ནས་ཁྲིམས་སྒྲིག་ལག་བསྟར་གནང་རྒྱུ་དང་ལྷག་པར་ལྷན་ཚོགས་འདིའི་འོག་དེབ་སྐྱེལ་མེད་པར་གསོ་བ་རིག་པའི་སྨན་པ་དང་སྨན་སྦྱོར་ཕྱག་ལེན་གནང་མཁན་ཡང་རིམ་པས་ལྷན་ཚོགས་འདིའི་འོག་དེབ་སྐྱེལ་གནང་ཐབས་བྱ་རྒྱུ་ཡིན། མདོ་དོན་གསོ་བ་རིག་པ་འདི་བོད་ཀྱི་ཐུན་མོང་མིན་པའི་མི་རིགས་ཤིག་གི་རིག་གཞུང་ཞིག་ཡིན་པ་དང་ལྷག་པ་གསོ་རིག་སྨན་པ་དང་སྨན་སྦྱོར་ནི་འགྲོ་བའི་ཚེ་སྲོག་དང་ཐད་ཀར་འབྲེལ་བའི་ཆེད་ལས་རིག་པ་ཤིག་ཡིན་པས་དེ་ཚད་ལྡན་ཚད་མཐོར་ཡོང་བ་བྱ་རྒྱུ་དེ་ལྷན་ཚོགས་འདིའི་ལས་འགན་གཙོ་གྲས་ཤིག་ཡིན། ཡིན་ཡང་ལས་འགན་རྣམས་ཚགས་ཚུད་ནུས་ལྡན་ཡོང་འགྱུར་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་དང། བོད་ཀྱི་སྨན་རྩིས་ཁང་དབུས་པས་ཚོགས་པ་ཁག་དང་ལྷན་ཚོགས་སུ་དེབ་སྐྱེལ་ཡོད་པའི་རྒྱུན་འཛིན་སྨན་པ་ཡོངས་ནས་སྔར་བཞིན་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་ཤུགས་ཆེར་གནང་རྒྱུ་དང་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ལའང་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་སངས་པོ་གནང་རོགས་ཞུ། མཐའ་དོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་པ་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་བོད་ཀྱི་གསོ་བ་རིག་པའི་བསྟན་པ་སྔར་ལས་རྒྱས་པར་འགྱུར་བའི་རེ་སྨོན་དང་བཅས་སྨན་ལྷན་ཚོགས་གཙོ་ལས་ཐོག་སྨན་རམས་པ་ངག་དབང་བཟོད་པས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༤ ལ།།