དགུང་གྲངས་བརྒྱད་ཅུའི་གྱ་སྟོན་འཚོག་འཆར།

2013_4_29

ཕྱི་ལོ་༢༠༡༥ ལོར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་༧ རྒྱལ་བ་རིན་པོ་ཆེ་སྐུ་འཁྲུངས་ནས་དགུང་ལོ་བརྒྱད་ཅུ་འཁོར་བའི་སྐུའི་གྱ་སྟོན་མཛད་སྒོ་ཞིག་འཚོགས་འཆར་ཡོད་སྐོར། ༧ སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་མཁྱེན་རབ་རྒྱ་མཚོས་གསལ་བསྒྲགས་གནང་སོང་།

དེའང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་ངྷ་སར་ཡོད་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། སྐབས་དེར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་མཁྱེན་རབ་རྒྱ་མཚོས་གསར་འགོད་པར་འགྲེལ་བརྗོད་གནང་དོན། “༧སྐྱབས་མགོན་རིན་པོ་ཆེ་མདོ་སྨད་ཡུལ་དུ་སྐུ་འཁྲུངས་ནས་དགུང་ལོ་བརྒྱད་ཅུ་ཐམ་པ་ཕེབས་པའི་སྐབས། མདོ་སྨད་ཀྱི་ལུགས་སྲོལ་གཞིར་བཟུང་བརྒྱད་ཅུའི་གྱ་སྟོན་རྒྱས་པ་ཞིག་འཚོགས་གཏན་འཁེལ་ཡོད་ཅིང་། དེའང་ན་ནིང་༢༠༡༢ ལོའི་ཕྱི་ཟླ་༣ པའི་ནང་འཚོགས་པའི་མདོ་སྨད་ཀྱི་ཚོགས་ཆེན་ཐོག ༧སྐྱབས་མགོན་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་བཞེས་སྐབས་མདོ་སྨད་ཀྱི་ལུགས་སྲོལ་གཞིར་བཟུང་བརྒྱད་ཅུའི་གྱ་སྟོན་འཚོག་རྒྱུའི་བཀའ་མོལ་བྱུང་བ་གཞིན་གྲོས་ཆོད་བཞག་ཡོད། གྲོས་ཆོད་དེ་གཞིར་བཟུང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་དོན་ལྟར། སྡིག་སྤོང་དགེ་སྒྲུབ་ཀྱི་གྱ་སྟོན་དེ་འདྲ་ཞིག་གོ་སྒྲིག་ཞུས་ན་འགྲིག་ཞེས་ཞལ་བཞེས་ཐོབ་པ་ཡོད། ད་ལོའི་ཕྱི་ཟླ་༣ པའི་ནང་༧སྐུའི་གྱ་སྟོན་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཞིག་བསྐོངས་པ་དང་ཚོགས་ཆེན་དེའི་ཐོག་ནས་སྐུའི་གྱ་སྟོན་གོ་སྒྲིག་ཞུ་རྒྱུ་གཏན་འཁེལ་བྱུང་བ་རེད”་ཅེས་གསུངས་ཏེ། ༧སྐུའི་གྱ་སྟོན་ཡོངས་ཁྱབ་ཀྱིས་དགྱེས་ཚོགས་ཐུབ་པའི་ཆེད་དུ་འོས་བསྡུའི་ལམ་ནས་སློབ་སྟོན་པ་མི་འགྲོ་༥ དང་གྱ་སྟོན་གོ་སྒྲི་ཚོགས་ཆུང་ཟུར་དུ་གསར་འཛུགས་གནང་ཡོད་སྐོར་གསུངས་སོང་།

2013_4_29དེ་བཞིན་ཁོང་གིས་མུ་མཐུད་དུ་གསུངས་དོན། “ཉེ་ཆར་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེའི་སྐོར་ཚོགས་འདུ་རིམ་པ་བརྒྱུད་དེ་གོ་བསྡུར་ཐེངས་མང་བྱུང་བའི་མཐའ་མ་དེར། ༡༠༡༥ ལོ་ཕྱི་༧ པའི་ནང་དགུང་གྲངས་བརྒྱད་ཅུ་ཐམ་པ་བཞེས་པའི་སྐུའི་འཁྲུངས་སྐར་ཉིན་སྔོན་གྱི་ཕྱི་ཚེས་༥ ཉིན། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་གཙོ་བོའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་དང་། ཉིན་དེའི་ཉིན་གུང་ནས་༧སྐྱབས་མགོན་རིན་པོ་ཆེ་སྐུའི་མཛད་པ་འཕྲིན་ལས་གཙོ་བོར་བྱས་པའི་འགྲེམས་སྟོན་རྒྱས་པ་ཞིག་དབུ་འབྱེད། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེ་དང་མཐུན་འབྲེལ་ཡོད་པའི་རྒྱལ་སྤྱིའི་སྟེང་གི་རླབས་ཆེན་མི་སྣ་རེ་ཟུང་ཞིག་གདན་འདྲེན་ཞུ་ཐུབ་པའི་འཆར་གཞི་ཡོད་ཅེས་དང་། ཕྱི་ཚེས་༦ ཉིན་གཞུང་འབྲེལ་གྱི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་ཆེའི་མི་མང་ལ་ཉིན་གུང་གསོལ་ཚིགས་འབུལ་རྒྱུ་བཅས་མཛད་སྒོ་གྲ་རྒྱས་པ་ཞིག་འཚོག་རྒྱུ། ཕྱི་ཚེས་༧ ཉིན་མདོ་སྨད་ནང་ཁུལ་གྱི་མི་མང་རྒྱས་འཛོམས་ཤིག་འཚོག་འཆར་བཅས་ཉིན་གསུམ་རིང་གི་ལས་རིམ་གྲ་སྒྲིག་ཡོད”་ཅེས་གསུངས་སོང་།

མཇུག་ཏུ་ཁོང་གིས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་་གནང་བའི་ནང་འཁོད་དོན།     “བོད་ལྗོངས་མདོ་སྨད་ཡུལ་དུ་རང་གི་བླ་མ་དང་ཕ་མ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་དང་སྐུ་ཚེ་ཞབས་པད་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ་སྲོལ་ཡོད་པ་ལྟར། ༧རྒྱལ་ཀུན་སྙིང་རྗེའི་རང་གཟུགས་༧རྒྱལ་བ་ཡིད་བཞིན་ནོར་བུ་ཕྱི་ལོ་༢༠༡༥ ལོར་དགུང་གྲངས་བརྒྱད་ཅུ་བཞེས་པའི་༧སྐུའི་འཁྲུངས་སྐར་གྱི་ཉིན་མོའི་སྔ་ཉིན་ནས་ཉིན་གསུམ་རིང་༧སྐུའི་གྱ་སྟོན་གྱི་དགྱེས་སྟོན་རྒྱས་པ་ཞིག་མདོ་སྨད་ཆོལ་ཁས་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་བཞིན།

གོ་སྒྲིག་ལས་རིམ་ཚགས་ཚུད་ཡོང་སླད་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོངས་ཐོག་བོད་མི་མང་སྤྱི་མཐུས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་།༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག ༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག བོད་མི་མང་སྤྱི་མཐུས་བཀའ་ཟུར་ཐུབ་བསྟན་ཐུབ་བསྟན་ལུང་རིགས་མཆོག་བཅས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མིར་མདོ་སྨད་དབུས་རྒྱུན་གྱི་ཚོགས་མི་བཅུ་གཅིག་སྟེང་མདོ་སྨད་སྤྱི་མཐུས་དང་སྤྱི་ཟུར་བཅས་ཚོགས་མི་དྲུག་འོས་བསྡུའི་ལམ་ནས་བསྐོ་བཞག་བྱས་པ་དང་། ལས་གཞི་དང་འབྲེལ་དེ་ཚོགས་མི་རྣམས་བརྟན་བཞུགས་གྲ་སྒྲིག་ཚོགས་ཆུང་དང་། དཔལ་འབྱོར་འདུ་འགོད་དང་རྩིས་ཁྲ་བདག་ཉར། འགྲེམས་སྟོན་གྲ་སྒྲིག སྣེ་ལེན་གོ་སྒྲིག ཞལ་ལག་གྲ་སྒྲིག་བཅས་ཚོགས་ཆུང་ཁག་དྲུག་ཏུ་ཆ་བགོས་བྱས་ཏེ་གྲ་སྒྲིག་ཞུ་གཏན་འཁེལ་ཡོད”་ཅེས་འཁོད་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་ཞབས་རིམ་ཁག་ནི་ཧ་ཅང་གལ་འགངས་ཆེ་བས། འབྱུང་འགྱུར་ལོ་གཉིས་ནང་གཞིས་བྱེས་བོད་མི་ཡོངས་ཀྱིས་མི་གསོད་རྐུན་ཇག་དང་འཁྲུག་རྩོད་རྒྱན་འགྱེད་ཀྱི་ལས་ངན་སྤོང་ཞིང་། ཉལ་ཐ་དུ་ཆང་རིགས་གཅོད་ཐབས་སོགས་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྡིག་སྤོང་དགེ་སྒྲུབ་སྤྱི་དང་། ལྷག་པར་གནས་ཆུང་ཆོས་རྒྱལ་ཆེན་པོར་རྡོ་རྗེ་བཀའ་ལུས་ཞུས་པའི་ཞབས་རིམ་བཀའ་འགྱུར་དག་འདོན་དང་། པཎ་གྲུབ་བཅུ་བདུན་གྱི་བསྟོད་པ། སྒྲོལ་དཀར་གཟུངས་སྔགས་དུང་ཕྱུར། མཎྜལ་བཞི་ཆོག་དང་འབྲེལ་ཏཱ་རེའི་བསྟོད་པ་འབུམ་ཐེར། མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། གསུང་བྱིན་བདེན་པའི་རྔ་སྒྲ། བདེན་ཚིག་སྨོན་ལམ། མ་ཎི་དུང་ཕྱུར། སྲོག་བླུ་གང་མང་། མཆོག་དམན་ཀུན་ནས་ཟས་དཀར་ལ་འབད་གལ་བཅས་ཕེབས་པ་བཞིན་སྨིན་སྒྲུབ་འཐུས་ཚང་ཡོང་རྒྱུར་ཕྱོགས་ཀུན་ནས་འབད་བརྩོན་གང་ཐུབ་གནང་རྒྱུའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན”་ཞེས་འཁོད་འདུག