ཨ་རིས་སི་རི་ཡའི་རྫས་འགྱུར་མཚོན་ཆར་འཛིན་པའི་སྲིད་བྱུས།

10-01-2012chemicalweaponsཉེ་བའི་ཆར་སི་རི་ཡའི་སྲིད་གཞུང་དེ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་དོགས་གཞིའི་འོག་ཚུད་ཡོད་པ་དང་། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་དཔྱད་བརྗོད་པས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐོག་དམག་དོན་གྱི་བྱེད་ཐབས་ཅི་ཞིག་སྤེལ་དགོས་མིན་ཞིབ་འཇུག་བྱས་ཏེ། སྲིད་འཛིན་ཨོ་བྷ་མར་རྒྱུ་ཆ་མཁོ་སྤྲོད་བྱེད་བཞིན་ཡོད་པ་རེད།

དཔྱད་བརྗོད་པས་བཤད་པར་གཞིགས་ན། སི་རི་ཡའི་སྲིད་གཞུང་གི་རྫས་འགྱུར་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་པར་ལས་སླ་བའི་གདམ་ཀ་གཅིག་ཀྱང་མེད་ཅིང་། སི་རི་ཡའི་དམག་དཔུང་ཁྲི་ཚོ་བརྒལ་བར་ཐག་བཅད་བྱེད་དགོས་པའི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། ཆེས་ཉེན་ཚབས་ཆེ་བའི་རྫས་འགྱུར་གྱི་འབག་བཙོག་རང་བཞིན་ལ་གདོང་ལེན་བྱ་དགོས་པ་དང་། དེ་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་ཟིང་འཁྲུག་སློང་ངེས་པ་ཞིག་ཡིན་པ་རེད།

བྱེད་ཐབས་ཅི་འདྲ་ཞིག་ཡིན་ཡང་ལས་སླ་མོའི་ངང་མགྱོགས་པོར་ཐག་གཅོད་བྱེད་ཐུབ་པ་གཅིག་ཀྱང་མེད་པར་བརྟེན། རྒྱལ་སྲུང་ལས་ཁུངས་ཀྱི་དཔོན་རིགས་ཚོས་གཟབ་ནན་གྱིས་གྲོས་བསྡུར་བྱེད་བཞིན་ཡོད་འདུག རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཧཱ་གྷལ་གྱིས་གསུངས་དོན། ཨ་རིས་རྣམ་པ་མི་འདྲ་བའི་གདེང་ཚོད་ངེས་ཅན་ཞིག་གི་ཐོག་ནས་མཐའ་དོན་བསྡོམས་ཚིག་རྙེད་ཡོད་པ་དང་། སི་རི་ཡའི་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་ཡོད་པའི་ངོས་འཛིན་བྱས་ཡོད། ཡིན་ནའང་ཞིབ་འཇུག་མཐིལ་ཕྱིན་མ་བྱུང་བའི་སྔོན་ཐག་གཅོད་གང་ཡང་བྱེད་སྲིད་པ་མ་རེད་ཅེས་གསུངས་འདུག

10-01-2012chemicalweapons

ཁོང་གིས་གསུངས་དོན། ང་ཚོས་ད་དུང་ས་ཆ་གང་ཞིག་ཏུ་དུས་ནམ་ཞིག་ལ་དོན་དག་ཅི་ཞིག་བྱུང་བ་སོགས་རྩད་གཅོད་བྱེད་བཞིན་ཡོད། ངའི་བསམ་པར་ང་ཚོས་བྱེད་ཐབས་ཐག་གཅོད་མ་བྱས་སྔོན། ངེས་པར་དུ་དངོས་ཡོད་གནས་ཚུལ་གསལ་རྟོགས་ཡོང་བ་བྱེད་དགོས། གལ་སྲིད་ང་ཚོའི་ཕྱོགས་ནས་བྱ་སྦྱོད་སྤེལ་བ་ཡིན་ན་ཇི་ལྟར་སྤེལ་དགོས་མིན་སོགས་ལའང་ཞིབ་འཇུག་ནན་ཏན་བྱ་དགོས་ངེས་རེད་ཅེས་དང་།

ཁོང་གིས་མུ་མཐུད་དུ། གསལ་པོ་ཧ་གོ་ཐུབ་པ་གཅིག་ནི་རྫས་འགྱུར་མཚོན་ཆ་འཇོག་སའི་ས་ཆ་དེ་ལས་འགན་ཆེན་པོ་ཞིག་རེད། ཨ་རིའི་དམག་མི་བརྒྱ་ཕྲག་ཅིག་ས་ཆ་དེར་ཆེད་དུ་བཀོད་སྒྲིག་བྱ་དགོས་སྲིད་པ་དང་། དམག་མི་དེ་ཚོས་མཚོན་ཆ་འགན་སྲུང་དང་འབག་བཙོག་སྔོན་འགོག་བྱེད་དགོས། ཨི་རག་ནས་དེ་དང་འབྲེལ་བའི་སྦྱོང་བརྡར་ཐོབ་པའི་དམག་མི་ཧ་ཅང་མང་པོ་ཡོད་ཅེས་ཟེར། སི་རི་ཡའི་མཁའ་དམག་རུ་ཁག་སྔར་བཞིན་སྟོབས་ཤུགས་ཆེ་བ་དང་། དཔྱད་བརྗོད་པས་ཚོད་དཔག་བྱེད་པ་ལྟར་ན། ཨ་ས་ངྡི་དམག་དཔུང་གིས་སྟོབས་ཤུགས་ལྡན་པའི་སྒོ་ནས་ལན་སློག་སྲིད་པ་ཞིག་ཡིན་པ་རེད་ཅེས་བརྗོད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་ཨ་རིའི་CNN ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་གཞུང་གིས་སི་རི་ཡ་གྱེན་ལོག་ཤོག་ཁག་ལ་མཚོན་ཆ་མཁོ་སྤྲོད་བྱེད་དགོས་པའི་ཐད་བསམ་བློ་གཏོང་བཞིན་ཡོད་འདུག་པ་དང་། དེ་ནི་ཨོ་བྷ་མ་སྲིད་གཞུང་གིས་ཐེངས་དང་པོར་ཡོངས་གྲགས་ཀྱིས་ཁྱབ་བསྒྲགས་བྱས་པ་ཞིག་རེད། ཡིན་ནའང་སི་རི་ཡའི་སྲིད་གཞུང་གིས་ད་བར་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་ཡོད་པ་ཁས་ལེན་གཏན་ནས་བྱས་མེད་པ་རེད། །