རྒྱ་ནག་ནི་རྒྱ་གར་གྱི་དགྲ་བོ་གཙོ་བོ་དེ་ཡིན།

2013_5_4

ཉེ་ཆར་རྒྱ་ནག་གི་དམག་མི་ཁག་ཅིག་གིས་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་བརྒལ་ཏེ་བཙན་འཛུལ་བྱས་པར་བརྟེན། ཕྱི་ཚེས་༡ ཉིན་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་བ་སོགས་ཀྱི་ངོ་རྒོལ་ལས་སྤེལ་ཡོད་པ་རེད།

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་shib sena ཟེར་བའི་གོ་སྒྲིག་འོག རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་པ་དང་། དེ་བཞིན་རྒྱ་གར་མི་མང་གིས་ས་གནས་འདྲ་མིན་ནས་རྒྱ་གཞུང་གི་བཙན་འཛུལ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

2013_5_4ཕྱི་ཟླ་༤ ཚེས་༡༥ ཉིན་རྒྱ་གཞུང་གི་དམག་མི་ཁག་ཅིག་གིས་རྒྱ་གར་གྱི་མངའ་ཁོངས་ལ་དྭགས་ཁུལ་དུ་བཙན་འཛུལ་གྱིས། རྒྱ་གཞུང་གི་དམག་མི་དེ་དག་གིས་རྒྱ་གར་གྱི་མངའ་ཁོངས་ལ་དྭགས་ཁུལ་དུ་གུར་༤ ཕུབ་སྟེ་བསྡད་ཡོད་པའི་གནད་དོན་དེ། རྒྱ་གར་གཞུང་གི་ངོས་ནས་དེ་ཙམ་གྱིས་ཛ་དྲག་གི་གནས་སྟངས་ཤིག་ལ་མ་བརྩིས་པར། གནད་དོན་དེ་ས་གནས་རང་ནས་སེལ་ཐུབ་པའི་རེ་བ་བྱས་ཡོད་འདུག་ན་ཡང་། ད་ལྟའི་ཆར་རྒྱ་གཞུང་གི་དམག་མི་ཚོས་གུར་འཕར་མ་ཞིག་ཕུབ་སྟེ་ཕྱིར་ལོག་བྱེད་རྩིས་བྱེད་ཀྱི་མེད་པའི་སྐབས་དེར།  རྒྱ་གར་གཞུང་གི་བྱེད་སྟངས་ལ་གྲོས་ཚོགས་འོག་མའི་ནང་སྐྱོན་བརྗོད་ཆེན་པོ་ཡོང་གི་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༤ ཚེས་༢༩ ཉིན་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་བྷི་ཇེ་བྷི་ས་མཱ་ཇ་ཝ་ཌི་ནས་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། དེ་བཞིན་དེ་སྔོན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གནང་མྱོང་ཡོད་མཁན་སྐུ་ཞབས་མུ་ལ་ཡམ་སིང་ཡ་དྷབ་ཀྱིས། རྒྱ་ནག་ནི་རྒྱ་གར་གྱི་དགྲ་བོ་ལྟེ་བ་དེ་ཡིན་ཞེས་གསུངས་པ་དང་འབྲེལ་རྒྱ་ནག་གིས་རྒྱ་གར་གྱི་ས་ཆར་བཙན་འཛུལ་བྱས་པར། རྒྱ་གར་གྱི་དམག་སྤྱིའི་ངོས་ནས་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་པ་དེ། གཞུང་གིས་རྩིས་མེད་གཏོང་དགོས་དོན་ཅི་ཞིག་གིས་ཡིན་སྐོར་གསུངས་ཡོད་འདུག

ཡང་ཁོང་གིས་རྒྱ་གཞུང་གིས་ཕྱི་ལོ་༡༩༦༢ ལོར་རྒྱ་གར་ལ་དམག་འཁྲུག་གིས་བརྙས་བཅོས་བྱས་པ་ལྟར། ད་ལྟའི་ཆར་ཡང་རྒྱ་གར་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་དེ་བརྗེད་མི་རུང་བ་ཞིག་ཡིན་ཞེས། རྒྱ་གར་གྱི་བདེ་འཇགས་ལ་མཚོན་ལ་པ་ཀི་སུ་ཐན་ལས་རྒྱ་ནག་ཉེན་ཁ་ཆེ་བ་ཡོད་སྐོར་ནན་བརྗོད་བྱས་ཡོད་འདུག་ལ། ཁོང་གི་གཏམ་བཤད་དེར་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་བྱས་ཡོད་པ་རེད།

ཕྱོགས་འགལ་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཡོང་འཆར་ཕྱི་ཟླ་༥ པའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ། བསྐྱོད་འཆར་ཡོད་པ་དེ་ཕྱིར་འཐེན་བྱ་དགོས་པའི་དངོས་འདུན་ཡང་བཏོན་ཡོད་འདུག

རྩ་བས་རྒྱ་གཞུང་གིས་བོད་སར་བཙན་འཛུལ་མ་བྱས་པའི་སྔོན་དུ་བོད་དང་རྒྱ་གར་གྱི་ས་མཚམས་ཟེར་བ་མ་གཏོགས། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་ལ་ས་མཚམས་ཤིག་གཏན་ནས་མེད་པ་རེད། ཡིན་ན་ཡང་རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་རྒྱ་དཀར་ནག་གཉིས་ཀྱི་བར་ལ་ས་མཚམས་ཀྱི་དཀའ་ངལ་དེ་བྱུང་སྟེ། ཕྱི་ལོ་༡༩༦༢ ལོར་རྒྱལ་ཁབ་གཉིས་ཀྱི་བར་དངོས་སུ་དམག་འཁྲུག་བྱུང་རྗེས། མུ་མཐུད་དུ་ས་མཚམས་ཀྱི་དཀའ་ངལ་དེ་བྱུང་ཡོད་པ་དང་ད་ལོར་བསྐྱར་དུ་དཀའ་ངལ་དེ་ཆེ་རུ་ཕྱིན་ཏེ། རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་གིས་བློ་འཚབ་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།