བོད་ཡིག་གི་མིང་རྒྱུན་འཕེལ་རིམ་ལ་ཆེ་ལོངས་ཙམ་དཔྱད་པ།
བོད་ཡིག་གི་མིང་རྒྱུན་འཕེལ་རིམ་ལ་ཆེ་ལོངས་ཙམ་དཔྱད་པ།
༼སྔོན་སོང་གི་སྐད་ཆ།༽
་་་་་་་་་་་་་་སྤྱི་ཚོགས་གསར་པའི་དཔལ་ཡོན་གྱི་རླབས་ཕྲེང་མཁའ་ལ་འཕྱུར་ཞིང་། ཚན་རྩལ་དང་དཔལ་འབྱོར་གྱིས་དབང་སྒྱུར་བའི་དུས་རབས་འདི་ནས། རྩམ་གཟན་གདོང་དམར་བ་ཚོས་སྐྱིད་སྡུག་གི་ལག་རྡང་གཅིག་ཏུ་སྦྲེལ་ཏེ། མ་འོངས་བདེ་སྐྱིད་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཆེད་སྒལ་ཚིགས་དྲང་པོར་བསྲངས་ཏེ་བློས་སློང་གི་བཀོད་པ་དང་། ལག་ལེན་གྱི་སྦྱོར་བ་དངོས་ལ་མི་ཞུགས་ཐུ་མེད་ཡིན་ན། རིག་གཞུང་ཞིག་ཡུན་གནས་ཆེད། མི་རིགསཤིག་ཡུན་འཚོའི་ཆེད། ཕོ་མོ་གྲྭ་གྲོང་གི་དབྱེ་འབྱེད་མ་བྱས་པར་འཕག་མཆོང་ངེས་ཅན་ཞིག་ཅིས་ཀྱང་རྒྱག་མི་དགོས་སམ།
༡༽ སྐད་ཡིག་གི་བྱུང་རིམ་དང་དེའི་བྱེད་ནུས།
དེ་ཡང་འཛམ་གླིང་འདིའི་འཚོ་སྡོད་བྱེད་མཁན་གྱི་མི་རིགས་ཕལ་ཆེ་བར་དང་ཐོག་སྐད་ཡིག་གི་ཕྱུག་ཚད་དང་། རིག་གཞུང་གི་ལྗིད་ཚད་འཐུག་པོ་ཡོད་མཁན་ཤ་སྟག་མ་ཡིན་མོད། ཏོག་ཙམ་ཡོད་མཁན་དག་ལ་མཚོན་ན་རང་རང་གི་ངལ་བརྩོལ་འཐབ་རྩོད་གང་མང་བརྒྱུད་དེ་མེད་པ་ནས་ཡོད་པ་ཅན་ཞིག་ཏུ་བཟོས་པའི་ཉེར་འབྲས་དེས། དེ་རིང་གི་དུས་རབས་འདིའི་སྒོ་ཁ་ནས་ཁོང་ཚོར་གསོན་ཤུགས་ཤིག་དང་། གདེང་འཇོག་ཅིག་ཡོད་སོང་བ་རེད། རྒྱུ་མཚན་དེར་བརྟེན་འཆི་གསོན་གཉིས་ཀྱི་སོ་མཚམས་ན་རྒྱུ་བཞིན་འུ་ཚོའི་མི་རིགས་འདིའི་མིང་ཅན་པ་དག་གིས་མགོ་བོ་དྲང་ཐད་དུ་གནས་ཏེ། འདས་མ་ད་གསུམ་གྱི་སྐྱོ་གར་ཡོད་ཚད་ལ་འཚོལ་རྟོག་བརྗེ་འགྱུར་ཅི་རིགས་བྱེད་བཞིན་སྐད་ཡིག་གི་བླ་སྲོག་འདི་མི་རིགས་ཤིག་གི་བླ་སྲོག་ཏུ་རློམ་ཏེ་གཙིགས་ཆེན་བྱ་འོས་པ་དོན་དངོས་ཀྱིས་བཞག་པའི་བདེན་དཔང་རེད། དེ་ལྟར་སྐད་ཡིག་གི་རིན་ཐང་། སྐད་ཡིག་གི་དར་རྒུད། སྐད་ཡིག་གི་བྱུང་རིམ་སོགས་མི་རིགས་རང་རང་ལ་ངོས་འཛིན་བྱེད་སྟངས་དང་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། ཡོང་གྲགས་ལྟར་ན་“འཛམ་གླིང་གི་མི་རིགས་གང་འདྲ་ཞིག་ཡིན་རུང་ཐོག་མར་མི་རིགས་དེའི་སྐད་བྱུང་བ་དང་། དེ་རྗེས་རིམ་བཞིན་ཡི་གེ་བྱུང་བ་ལྟར་རང་ཅག་བོད་མི་རིགས་ཀྱི་སྐད་ཡིག་གི་བྱུང་རིམ་ཡང་དེ་ལས་མ་འདས་པ་ཡིན། དེ་ལས་སྐད་ནི་མི་རིགས་བྱུང་བའི་རྗེས་སུ་རིམ་བཞིན་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བྱུང་བ་ཞིག་ཡིན་ལ། ཡི་གེ་ནི་མི་རིགས་སོ་སོའི་སྐད་ཀྱི་ཚབ་བྱེད་ཐུབ་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ལ། མི་རིགས་སོ་སོའི་ཡི་གེ་བྱུང་བའི་དུས་རིམ་ནི་གཅིག་པ་མིན་པར་ཁ་ཅིག་ལ་ལོ་རྒྱུས་རྒྱུན་རིང་བ་དང་། ཁ་ཅིག་ལ་ལོ་རྒྱུས་ཀྱི་རྒྱུན་ཐུང་བའི་ཁྱད་པར་ཡོད།”[1] ཅེས་བཤད་པ་ལྟར་ས་སྒང་འདིར་འཚོ་སྡོད་བྱེད་མཁན་གྱི་འགྲོ་བ་མིའི་རིགས་སུ་འདྲ་ཞིག་ཡིན་ཡང་སྒྲ་དང་ལྡན་པའི་སྐད་ཆ་རེ་མེད་པ་མི་སྲིད་ལ། ཕལ་ཆེར་བ་ལ་རང་རང་གིི་སྒྲ་དང་ལྡན་པའི་སྐད་ཆ་སྔོན་དང་། ཡི་གེ་རྗེས་སུ་བྱུང་བའི་གོ་རིམ་དང་། ཡང་ན་རང་རང་གི་གནའ་སྲོལ་ད་སྲོལ་གྱི་རིག་གནས་ཤུལ་བཞག་དང་། ཆོས་རིག་ལེགས་བྱང་གི་ཐད་མི་རིགས་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རྣམས་འཕེལ་རིམ་ངེས་ཅན་བརྒྱུད་མྱོང་བ་ལྟར། བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། གནའ་བོའི་ཤེས་རིག་གི་དཔངས་མཐུག་པའི་མི་རིགས་ཤིག་ཡིན་པར་མ་ཟད། མི་རིགས་འདིའི་སྐད་དང་ཡི་གེ་བྱུང་ཞིང་འཕེལ་བའི་རིམ་པ་ཡང་འཛམ་གླིང་སྔོན་ཐོན་མི་རིགས་དག་གི་སྐད་ཡིག་དང་འདྲ་བ། སྐད་ཆ་སྔོན་དང་ཡི་གེ་རྗེས་སུ་བྱུང་བའི་གོ་རིམ་ཞིག་བརྒྱུད་མྱོང་ཡོད། དང་ཐོག་འགྲོ་བ་མིའི་རིགས་ཀྱི་སྐད་ཆ་ནི་དུས་ཡུན་རིང་པོའི་སྔོན་ཏེ་བསྐལ་བ་ཡ་ཐོག་གི་དུས་རབས་ནས་བྱུང་ཞེས་བཤད་ཚུལ་ཡོད་ཀྱང་། འདི་ནས་འགོ་ཚུགས་ཞེས་ཏག་ཏག་ཅིག་ངོས་འཛིན་ཁ་གསལ་ཐུབ་མེད་ཀྱང་། ཕྱིས་སུ་མ་ཁེ་སིའི་རིང་ལུགས་གསར་གཏོད་བྱས་པ་ནས་བཟུང་སྐད་ཆའི་འབྱུང་ཁུངས་ཀྱི་གནད་དོན་དེ་ནི། སྤྲ་རིགས་ནས་མི་རུ་གྱུར་པ་དང་བསྟུན་དེ་ངལ་རྩོལ་དང་འཐབ་རྩོད་ལས་བྱུང་བ་ཡིན་ཞེས་ཐག་གཅོད་བྱེད་ཐུབ་པ་ལྟར་དེང་དུས་ཡོངས་གྲགས་སུ་ཁས་ལེན་བཞིན་ཡོད།
སྔོན་ཆད་ཚན་རིག་པས་ཀྱང་སྐད་ཆའི་འབྱུང་ཁུངས་ལ། སྡེ་ཤོག་དང་མི་རིགས་རྗེས་ལུས་ཅན་གྱི་སྐད་ཆ་ལ་ཞིབ་འཇུག་བྱེད་པ། ཕྲུ་གུས་སྐད་ཆ་སློབ་པའི་བརྒྱུད་རིམ་ལ་ཞིབ་དཔྱོད་བྱེད་པ། སྤྲའི་བྱ་འགུལ་སྣ་ཚོགས་ལ་ཞིབ་འཇུག་བྱས་པའི་བརྒྱུད་རིམ་འདི་དག་གི་ཁྲོད་ནས་སྐད་ཆའི་འབྱུང་ཁུངས་ཐད་འགྲེལ་བཤད་སྣ་ཚོགས་དང་། ངོས་འཛིན་ཚུལ་མང་དུ་ཡོད་ཀྱང་མར་ཁེ་སིའི་རིང་ལུགས་ཀྱིས་[2]གསལ་བཤད་མ་བྱས་པའི་སྔོན་དུ་དེ་དག་གིས་སྐད་ཆའི་འབྱུང་ཁུངས་ཐད། ཚད་འཛིན་འོས་པའི་འདོད་ཚུལ་ཞིག་རྙེད་མེད། མ་ཁེ་སེའི་རིང་ལུགས་ཀྱིས་སྐད་ཆའི་འབྱུང་ཁུངས་གསལ་སྟོན་བྱས་པའི་འདོད་ཚུལ་དེ་མ་བྱུང་བའི་སྔོན་དུ་སྐད་ཆའི་འབྱུང་ཁུངས་ལ། སྐད་བརྡ་རིག་པ་ལྟར་ན་ངོས་འཛིན་ཚུལ་མང་དུ་ཡོད་ཀྱང་གཙོ་ཆེར་དངོས་ཡོད་དང་བར་ཐག་ཉེ་ཞིང་ཡོངས་སུ་གྲགས་ཆེ་བའི་འདོད་ཚུལ་འགའ་ཞིག་ཟུར་འདོན་བྱས་ན།
དེ་ཡང་ཐོག་མར་ ༡༽ སྒྲ་ལས་ཟློས་སྨྲ་བ། ༢༽ ཚོར་ཉམས་སྨྲ་བ། ༣༽ ལག་བརྡའི་སྨྲ་བའམ་( གཟུགས་ཉམས་སྨྲ་བ། ༤༽ ངལ་རྩོལ་གྱི་སྐད་ཆ་གསར་བསྐྲུན་བྱས་པ་བཅས་འདོད་ཚུལ་ཆེན་པོ་བཞི་ཙམ་བཤད་ཡོད་པ་ལས། དང་པོ་“བསྐལ་པ་ཡ་ཐོག་གདོད་མའི་མིས་རང་བྱུང་ཁམས་ཀྱི་སྒྲ་སྣ་ཚོགས་ལ་ཉན་ནས། དཔེར་ན། ཆུ་ལྷུང་ལྷུང་འབབ་པའི་སྒྲ་དང་། རླུང་གཡུག་པའི་འུར་སྒྲ། བྱེའུ་གྲག་པའི་སྒྲ་ལ་སོགས་པ་ལྟ་བུ་སྒྲར་ལད་ཟློས་བྱས་ཏེ་སྒྲ་བྱུང་བའི་བྱ་དངོས་དེ་དག་ལ་མིང་བཏགས་པ། དེ་ལྟར་མིའི་རིགས་ཀྱི་སྐད་ཆ་བྱུང་ངོ་”ཞེས་བཤད། གཉིས་པ། “གདོད་མའི་མིས་ཕྱི་ཡུལ་གྱི་བྱ་དངོས་ལ་འབྲེལ་གཏུག་བྱེད་དུས་ནམ་རྒྱུན་འཇིགས་སྐྲག་དང་དགའ་སྣང་། ཡིད་སྐྱོ་བ་ལ་སོགས་པའི་བསམ་ཚུལ་བྱུང་བས་ཚོར་ཉམས་ཀྱི་སྐད་སྒྲ་སྣ་ཚོགས་ཐོན་ཏེ། རིམ་གྱིས་སྐད་སྒྲ་དེ་དག་མིང་ཚིག་ཏུ་གྲུབ་ནས་ཐོག་མའི་སྐད་ཆ་བྱུང་བར་འདོད་པ་རེད།” གསུམ་པ། “སྐད་སྒྲ་དང་ལག་བརྡ་ཚང་མས་ནང་དོན་ངེས་ཅན་ཞིག་མཚོན་ཐུབ་པ་དང་། གདོད་མའི་མི་ད་ལྟའི་འོན་པའམ་ལྐུགས་པ་དང་འདྲ་བར་ལག་བརྡའི་ཉམས་འགྱུར་ལ་བརྟེན་ནས་སྐད་ཆ་བྱས་ཏེ་ཕན་ཚུན་གནས་ཚུལ་བརྒྱུད་སྤྲོད་བྱེད་པ་ཡིན་ལ། སྐད་སྒྲ་ནི་ལག་བརྡ་དང་ཆབས་ཅིག་ཏུ་བྱུང་བའི་གནས་ཚུལ་ཁོ་ན་དང་རམ་འདེགས་ཀྱི་བྱེད་ཐབས་ཤིག་རེད། རྗེས་སུ་གནས་ཚུལ་རྙོག་གྲར་གྱུར་ཏེ། ལག་བརྡ་དེས་དགོས་མཁོ་ཚིམ་མི་ཐུབ་པས། གཞི་ནས་སྒྲ་དང་ལྡན་པའི་སྐད་ཆ་བཀོལ་བར་འདོད། དེར་བརྟེན་ཁོ་ཚོའི་ལྟ་ཚུལ་ལ་ལག་བརྡའི་སྐད་ཆ་ནི་ངོ་བོ་དང་པོ་ཡིན་ལ། སྒྲ་དང་ལྡན་པའི་སྐད་ཆ་ནི་ངོ་བོ་གཉིས་པར་འདོད་དོ།།” བཞི་པ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་ཚུལ་དང་བྱེད་ཐབས་ལ་བརྟེན་ནས། “མིའི་རིགས་ཆགས་དུས་ཐུན་མོང་གི་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་འབྲེལ་འདྲེས་ཀྱི་དགོས་མཁོ་དང་བསྟུན་ཆེད་སྐད་ཆ་བྱུང་” ཞེས་ཨེན་གེ་སིའི་《 སྤྲ་ནས་མིར་གྱུར་པའི་བརྒྱུད་རིམ་ནང་ང་རྩོལ་གྱི་ནུས་པ་》ལས་གསལ་བ་ལྟར་དེང་དུས་མཁས་པ་ཕལ་ཆེ་བས་འདི་ལ་ཆ་འཇོག་དང་ཡིད་ཆེས་བྱེད་བཞིན་ཡོད། དེར་བརྟེན་ལོ་རྒྱུས་ཁག་ལས་སྤྲ་རིགས་མི་རུ་གྱུར་ནས་རྣམ་རིག་གྲུང་དུ་སོང་བ་དང་། བྱ་བྱེད་མང་དུ་སོང་བའི་རྐྱེན་གྱིས་ལུས་ཀྱི་འགུལ་སྐྱོད་དང་དཀའ་ངལ་སྣ་ཚོགས་གདོང་ལེན་བྱས་སྟབས་རིམ་བཞིན་རྣམ་ཤེས་ཀྱི་འཕེལ་རིམ་དེའང་དམའ་རིམ་སྲོག་ཆགས་ལས་ལྷག་པར་ཡག་ཏུ་ཕྱིན་ཏེ་མིར་གྱུར་ཚུལ་སོགས་ལོ་རྒྱུས་ཁག་ཏུ་མང་ཙམ་བཤད་པ་བཞིན། སྐད་ཆ་ཡང་དེ་བཞིན་འཕེལ་རྒྱས་ཀྱི་འགོ་ཚུགས་ཡོད།
སྤྱིར་ང་ཚོའི་དགོས་མཁོ་ཅན་གྱི་བྱ་བཞག་གང་ཡིན་རུང་ངལ་རྩོལ་དང་འཐབ་རྩོད་གྲངས་མེད་བརྒྱུད་དེ། ནུས་པ་མངོན་གསལ་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ་ལྟར། འགྲོ་བ་མིའི་རིགས་ཀྱི་ཐོག་མའི་སྒྲ་དང་ལྡན་པའི་སྐད་ཆ་དང་། སྒྲ་འདོན་གྱི་དབང་པོ་ཡང་ངལ་རྩོལ་གྱི་ནུས་པ་སྣ་ཚོགས་ལ་བརྟེན་ནས་བྱུང་ཡོད་པར་གདོན་མི་ཟ། དེར་བརྟེན་བོད་མི་རིགས་ཀྱང་དང་ཐོག་སྤྲེའུ་དང་བྲག་སྲིན་ལས་ཆད་དེ་རིམ་བཞིན་འཚོ་གནས་ཀྱི་འཐབ་རྩོད་གང་མང་བརྒྱུད་དེ་མི་རུ་གྱུར་རྗེས་སྐད་ཆ་བྱུང་ཞིང་། མི་རིགས་རང་མཚན་པ་ཞིག་ཆགས་འགོ་བརྩམས་ཏེ་སྤྱི་ཚོགས་ཀྱི་འཁོས་ཀའི་འགྱུར་འགྲོས་དང་བསྟུན་ཏེ་སྐད་བརྡའི་འཕེལ་རིམ་ངེས་ཅན་ཞིག་བྱུང་ཡོད་པ་འདི་ཡང་ཤེས་དགོས་པའི་དོན་གནད་གལ་ཆེན་ཞིག་ཏུ་འཁུམས།
ང་ཚོའི་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་དཀའ་ངལ་སྣ་ཚོགས་ལ་འཐབ་རྩོད་དང་གདོང་ལེན་བྱས་པར་བརྟེན་ནས་བསམ་གཞིག་སྣ་མང་སྐྱེས་པ་ལས་སྐད་ཆ་བྱུང་ཞིང་། སྐད་ཆ་རིམ་བཞིན་འཕེལ་རྒྱས་ཕྱིན་པར་བརྟེན་ནས་ཡ་ཐོག་སྤྲ་མིའི་དུས་རབས་ནས་རིམ་བཞིན་རུས་རྒྱུད་ཚོ་བ་དང་རྡོ་ཆས་གསར་རྙིང་བརྒྱུད་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡོ་ལང་ཆེས་ཆེར་བྱུང་བ་དང་མཉམ་དུ་མི་རྣམས་ཕན་ཚུན་འབྲེལ་འདྲིས་གནས་སྟངས་ཇེ་ལེགས་སོང་བའི་དབང་གིས་སྐད་ཆ་ཤོད་སྟངས་དང་། མིང་ཚིག་སྒྲིག་སྟངས་སོགས་འཐུས་སྒོ་ཇེ་ཚང་ལ་སོང་ཡོད། “སྐད་ཆ་ནི་སྒྲ་དོན་གཅིག་འདུས་ཀྱི་ཕུང་པོ་ཡིན་ལ་ཡུལ་དུས་ཀྱི་བཀག་རྒྱ་ཆེན་པོ་ལྡན་ཡོད་པ་དང་། དེ་ལས་ལྡོག་སྟེ་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་རིམ་བཞིན་སྒྲ་གཟུགས་དོན་གསུམ་གྱི་ཡི་གེ་བྱུང་སྟབས་ཡུལ་དུས་ཀྱི་བཀག་རྒྱ་ལས་གྲོལ་བར་བྱས་ནས་ཕན་ཚུན་བར་གྱི་ཁ་བརྡ་དང་འབྲེལ་འདྲིས། སློབ་སྦྱོང་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།”[3] ཅེས་བཤད་པ་ལྟར་སྤྱི་ཚོགས་ཀྱི་རྙོག་འཛིང་ཇེ་ཆེར་དང་། ཕན་ཚུན་བར་འགྲོགས་འདྲིས་ཀྱི་གནས་ཚུལ་དང་། འགལ་འདུའི་བསམ་ཚུལ་མང་དུ་འབྱུང་སྐབས། སྐད་ཆའི་ནུས་པས་ཡུལ་དུས་ཀྱི་བར་མཚམས་ཁ་སྐོང་མ་ནུས་ཚེ། མི་རྣམས་ཀྱི་སྐད་ཆའི་བརྡ་ཆད་རྣམས་ཡིག་ཐོག་ཏུ་འགོད་འགོ་ཚུགས་ཡོད། དེ་བཞིན་བོད་རང་ལ་མཚོན་ན་མེས་སྲོང་བཙན་གྱི་གོང་དུ་བོད་ལ་ཡི་གེ་ཡོད་མེད་གང་ལྟར་ཡང་ཡོངས་སུ་གྲགས་ཆེ་བར་གཞིར་བཟུང་ན། དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མིས་བོད་ཀྱི་ཡིག་གཟུགས་གསར་གཏོད་བྱས་པ་ནས་བཟུང་སྟེ། ད་ལྟའི་བར་ཆོས་སྲིད་གཉིས་ཆར་རྩ་འཛིན་ཐུབ་པའི་སྐད་ཡིག་ཚད་ལྡན་ཞིག་གི་ངོ་བོར་གནས་ཡོད་པར་མ་ཟད། “སྤྱིར་ཡི་གེ་ཞེས་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས། སེམས་སུ་འཆར་བ་སྣང་བ་སེམས་ཀྱི་ཡི་གེ་དང་། གནས་བྱེད་རྩོལ་བས་སྐྱེད་པ་སྒྲའི་ཡི་གེ ལག་པས་སུག་བྲིས་སུ་འགོད་པ་གཟུགས་ཀྱི་ཡི་གེ་གསུམ་དུ་ཕྱེ་རུང་ཡང་། དེ་ཡང་མཐར་ཐུག་ན་སྒྲ་གཟུགས་གཉིས་སུ་འདུ་བ་ལ། གཟུགས་ཀྱི་གོ་བ་སྒྲ་ཡིས་སྟོན་ཞིང་། སྒྲ་ཡི་རྣམ་འགྱུར་གཟུགས་ཀྱིས་མཚོན་སྟབས། སྒྲ་གཟུགས་གཉིས་འགལ་བར་མི་འགྱུར་ཞིང་། ཁྱད་པར་དུ་སྒྲ་སྦྱོར་ཡི་གེ་ནི་སྒྲའི་རྣམ་པ་ལྟར་བྱས་པའི་ཕྱིར་ན་སྒྲ་གཟུགས་གཉིས་ལ་འབྲེལ་བ་ལྷག་པར་ཆེའོ། །” རང་རེའི་ཡི་གེ་འདི་ཉིད་སྒྲའི་རྣམ་པར་བརྟེན་ནས་དོན་མཚོན་བཞིན་ཡོད་པས་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་གཏོགས། དེར་བརྟེན་དུས་ཡུན་ཤིན་ཏུ་རིང་བའི་སྒྲ་སྦྱོར་གྱི་ཡི་གེ་འདིས་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་དུ་འུ་ཚང་གི་འཚོ་གནས་དགོས་མཁོ་དང་། རིག་གནས་ཐོན་སྐྱེད་སོགས་ཀྱི་ཐད་བྱས་རྗེས་བླ་ལྷག་བཞག་ཡོད་པ་ནི་འུ་ཚོའི་སྐད་ཡིག་འདིའི་བྱེད་ནུས་དང་ལག་རྗེས་རེད།
ཡོངས་གྲགས་ལྟར་སློབ་དཔོན་ཐོན་མིས་སྲོལ་བཏོད་ནས་བཟུང་རིམ་བཞིན་བོད་རང་གི་མཁས་པ་ཚོས་གྲ་རྒྱས་སུ་དང་། འཐུས་སྒོ་ཚང་དུ་བཏང་ཡོད་པ་ཙམ་མིན་པར་དངོས་ཡོད་དང་ཚན་རིག་པའི་རིགས་པའི་འགྲོས་དང་མཐུན་པའི་རང་རྐྱ་ཐུབ་པའི་སྔོན་ཐོན་གྱི་སྐད་ཡིག་ཅིག་འདི་ལྟར་ཆགས་ཐུབ་པ་བྱུང་བ་ནི། མེས་པོ་གོང་མ་རྣམས་ཀྱི་བླ་མེད་ཀྱི་མཛད་བྱང་དང་། ལོ་པཎ་བཀའ་དྲིན་ཅན་དག་གིས་སྙིང་སྟོབས་དང་སྡུག་རུས་གང་མང་བྱས་པའི་གྲུབ་དོན་དེས། སེམས་ཀྱི་དཀྱིལ་སྙིང་དུ་བོད་ཡིག་ལ་ཞེ་འདང་ཡོད་མཁན་གྱི་མི་བུ་དག་གིས་བོད་སྐད་དང་བོད་ཡིག་ཤེས་ཟེར་ནས་མགོ་བོ་ཡར་ཙམ་འདེགས་ཐུབ་པའི་ང་རྒྱལ་དང་། མི་རིགས་རང་མཚན་པ་ཞིག་ཡིན་ཟེར་ནས་གཞན་གྱི་མིག་སྔར་སྤོབས་པ་མཐོ་ཙམ་བྱས་ཏེ། སྨྲ་བརྗོད་ཀྱི་སྒོ་མོ་ཆེས་ཆེར་འབྱེད་ནུས་པའི་བླ་སྲོག་འདི་བསྩལ་བ་ཡིན་ན། འུ་ཚོའི་གཞུང་སྒེར་གཉིས་ཀས་འདིའི་འཚོ་གནས་དང་དར་རྒུད་ཀྱི་ཕྱོགས་སུ་འདུར་ཞིང་། འཕག་མཆོང་ངེས་ཅན་ཞིག་ཅིས་ཀྱང་རྒྱག་མི་དགོས་སམ།
འཕྲོས་རྗེས་སུ་ཡོད་་་་་་་་་་་་་་་་་་་་་་་་་་་་་་