སེམས་ཚོར་དམར་རྗེན་མ།

ཡིད་འོང་པདྨ་ལྟ་བུའི་བཞིན་བཟང་ངོས། །
ཟླ་བ་ལྟ་བུར་འོད་དཀར་རབ་འཚེར་བས། །
འདྲེན་བྱེད་ཟུང་ལྡན་སྒྲོལ་མའི་མཚན་འཛིན་མ། །
ཁྱེད་ལ་དུང་བས་གདུང་དབྱངས་གསོན་ཤིག་ཀྱེ། །

རིང་ནས་ཁྱེད་དང་འགྲོགས་པའི་མྱོང་གོམས་དང་། །
ཁྱེད་ཀྱི་དངོས་བྱུང་ལོ་རྒྱུས་མ་ཤེས་ཀྱང་། །
དུས་རབས་གསར་པའི་ངོ་དེབ་ལམ་ཆེན་ནས། །
བདག་གི་ཡིད་དབང་ཁྱེད་ཀྱི་འཕྲོག་ནས་ཐལ། །

དུས་ཀུན་བདག་ལ་གནང་བས་སྙིང་གཏམ་དག །
སྒྲ་འཛིན་བུ་གའི་ནང་དུ་སིམ་མ་ཐག །
དབྱར་རྔའི་སྒྲ་ཡིས་རྨ་བྱ་མྱོས་པ་བཞིན། །
ང་ཡི་ཚོར་འདུ་རང་ཚུགས་ཤོར་ནས་ཐལ། །

མི་འདོད་རྐྱེན་ངན་དྲག་པོའི་འགག་སྒོ་ནས། །
བགྲོད་པའི་ཐབས་ལམ་ཟབས་མོ་རྙེད་གྱུར་ན། །
སོམ་ཉི་མེད་པར་ཚེ་གཅིག་སྐྱིད་སྡུག་ཀུན། །
ཁྱེད་དང་མཉམ་དུ་རོལ་འདོད་བཞིན་བཟང་མ། །

ལེབ་དབར་སྟོང་ཕྲག་དུ་མའི་ཕ་རོལ་ནས། །
ཉིན་མཚན་ལྟོས་མེད་དཀའ་ཚེགས་མ་འཛེམས་པར། །
མཛའ་བརྩེའི་རིན་ཐང་ལྡན་པའི་སྙིང་གཏམ་དག །
ཀུན་འབྱུང་ནོར་བུ་སྟོང་ལས་ལྷག་པར་འདོད། །

ད་ནི་རྣམ་གསུམ་གོས་བཟང་ཡོལ་རས་འོག །
བསང་བའི་ལས་ཀུན་ཕྱིར་རུ་གསལ་འདོད་པའི། །
སེམས་ཀྱི་སྟ་གོན་བློ་ཡི་འཕེན་པ་སོགས། །
ཡོད་ཚད་བཏང་ཡོད་ཡིད་འཕྲོག་ཟླ་སྒྲོན་མ། །

སྡོམ་ཁྲིམས་ལྕགས་ཀྱི་དྲ་བའི་མུན་ཁུང་ནང་། །
རྒྱུན་རིང་ཚུད་པའི་དབང་མེད་བུ་ཆུང་ང་། །
རང་དབང་བདེ་སྐྱིད་ཉིན་གཞོན་གསར་བ་ཞིག །
གང་མགྱོགས་ཐོབས་པའི་རེ་བ་སྙིང་དུ་ལྕི། །

ཁྱེད་དང་འུ་གཉིས་མཛའ་བརྩེའི་དར་མདུད་འདི། །
ལས་དང་བཙན་པོས་སུན་གཙེར་མ་བྱུང་བར། །
དབང་ཆེན་དཔོན་དང་ཆེ་བཙན་གཉེན་ཉེར་སོགས། །
སུས་ཀྱང་བཀྲོལ་རུང་གྲོལ་སྙམ་ཡིད་ལ་མེད། །

ཁྱེད་ཀྱིས་བརྩེ་བ་བདག་གི་བདེ་སྐྱིད་དང་། །
བདག་གིས་དུངས་བ་ཁྱེད་ལ་ལེགས་སྐྱེལ་ཡིན། །
ཁྱེད་དང་འུ་གཉིས་བརྩེ་དུང་ཟབས་མོ་འདི། །
སྟོང་གསུམ་རིན་ཆེན་བདུན་གྱི་ཁུག་རེ་ཀན། །

ཁྱེད་དང་འགྲོགས་པའི་སྐལ་བ་ལྡན་གྱུར་ན། །
ཁམས་གསུམ་འགྲོ་ཀུན་བདག་གི་དགྲར་ལང་ཏེ། །
དལ་རྟེན་རིན་ཆེན་འདི་དང་བྲལ་དགོས་ཀྱང་། །
ནམ་ཡང་མི་འགྱོད་ཡིད་དམ་སྔར་ལས་བརྟན། །

ད་ནི་མི་བརྗེད་སེམས་ཀྱི་དམ་བཅའ་འདི། །
ཁྱེད་ཉིད་དགྱེས་ཕྱིར་སླར་ཡང་ནན་ཏན་དུ། །
བླ་མ་ལྷ་ཚོགས་གདུངས་ཤུགས་དྲག་སྐུལ་ནས། །
དབུས་འགྱུར་ཆོས་ཀྱི་ཞིང་ནས་ཁྱེད་ལ་ཕུལ། །
༢༠༡༣/༥/༤/