རྒྱ་གཞུང་གི་འོག་གྲངས་ཉུང་མི་རིགས་ཚོའི་མྱོང་ཚོར།

temtselt_shobshuudཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་མགྲོན་འབོད་ལྟར། “ཐའེ་ཝན་ཡང་འདས་ཟིན་པའི་རྒྱལ་ཁབ་ཅིག་མ་ཆགས་པའི་ཆེད་དུ་”ཞེས་པའི་བརྗོད་གཞིའི་ཐོག  བོད་དང་སོག་པོ། དེ་བཞིན་ཤར་ཏུར་ཀི་སི་ཐན་བཅས་ཀྱི་མི་སྣ་གསུམ་གྱིས་གཏམ་བཤད་བྱས་ཡོད་པ་རེད།

རྒྱ་ནག་དམར་གཞུང་འོག་ནས་མནར་གཅོད་མྱོང་བཞིན་པའི་མི་རིགས་གསུམ་གྱི་མི་སྣ་གསུམ་གྱིས་ཕྱི་ལོ  ༢༠༡༣  ཟླ  ༥  ཚེས་༦  ཉིན་ནས་བཟུང་ཉིན་འགའི་རིང་།  ཐེ་ཝན་གྱི་སློབ་ཆེན་ཁག་གཙོས་དམངས་ཁྲོད་དུ་མི་མང་འདུ་འཛོམས་ཐོག་བཅས་སུ་རྒྱ་ནག་དམར་པོའི་འོག་གི་གྲངས་ཉུང་མི་རིགས་ཀྱི་མི་མང་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་མྱོང་གི་ཡོད་པའི་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་དབང་བསྒྱུར་འོག་གནས་པའི་སོག་པོའི་མི་སྣ་ཐཱེ་མུ་ཟི་ཐེས་(Temtselt Shobshuud) ད་ལྟའི་ཆར་ནང་སོག་རྒྱ་འོག་ཚུད་ཡོད་པ་དང་། ཕྱི་སོག་ནི་ཨཱོ་རུ་སུའི་དབང་བསྒྱུར་བྱས་ཞིང་། སོག་པོ་མི་རིགས་འདི་ནང་ཆོས་ལ་དད་པ་བྱེད་མཁན་མི་རིགས་ཤིག་ཡིན།  རྒྱ་ནག་དམར་ཤོག་གིས་ནང་སོག་ལ་དྲག་དམག་གིས་དོ་དམ་བྱེད་ཅིང་། ད་བར་བསྡོམས་མི་གྲངས་ཁྲི་དྲུག་ཙམ་དམར་བསད་བཏང་ཡོད་པ་དེ་དག་ཚང་མ་ཉམས་ཆུང་མི་མང་དཀྱུས་མ་རེད།  ངའི་སྤོ་བོ་ལགས་ཀྱང་སྐབས་དེར་བསད་ནས་གྲོངས་པ་རེད། ང་ཚོས་སྐབས་དེའི་དུས་ཀྱི་ལོ་རྒྱུས་དེ་དག་བརྗེད་ཐབས་མི་འདུག  སྐྱེས་བུ་དང་ཁྲམ་པ་གཉིས་འབྲེལ་བ་བྱས་ན་སྐྱེས་བུ་ཕམ་རྒྱུ་ཡིན་ཟེར་བའི་དཔེ་ལྟར་དེའང་ད་ལྟའི་ཆར་ཐའེ་ཝན་སྲིད་གཞུང་དང་རྒྱ་ནག་དམར་ཤོག་དབར་འབྲེལ་བ་བྱེད་སྟངས་དང་གཅིག་མཚུངས་རེད།  གནས་སྟངས་དེས་ཐའེ་ཝན་ཕྱོགས་ནས་གྱོང་རྒུད་རག་རྒྱུ་ཉག་ཅིག་རེད།  རྒྱ་ནག་དམར་ཤོག་ནི་འབྱུང་གཞི་འཁྲུག་ཟིན་པའི་སྒྲིག་འཛུགས་ཤིག་རེད།  གལ་ཏེ་དམར་ཤོག་རྩ་མེད་མ་སོང་ན་འཛམ་གླིང་ཡོངས་ལ་གྱོང་རྒུད་ཕོག་ངེས་རེད།  དེང་རྒྱ་ནག་དམར་ཤོག་ནི་དུས་མཐའ་སླེབས་ཡོད་ལ། དམར་ཤོག་འདི་ལོ་ཤེས་ནང་ཐོར་ཞིག་འགྲོ་རྒྱུ་ཉག་ཅིག་ཡིན། དམར་ཤོག་ནི་གདུག་རྩུབ་ཧ་ཅང་ཆེ་བ་ཞིག་རེད། དེ་དག་ནི་སྔོན་ཇཱ་མན་ནི་བཙན་རྒྱལ་ལས་འཇིགས་སྣང་ཚ་བ་ཞིག་ཡོད་པ་རེད།  ཅེས་སོགས་བཤད་ཡོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས། སྔར་བོད་ནང་དུ་བོད་མི་ས་ཡ་དྲུག་ཡོད་པའི་ནང་མི་གྲངས་ཁྲི་བརྒྱ་དང་ལྔ་བཅུ་དུས་མིན་རྐྱེན་འདས་སོང་ཡོད།  ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ཉི་ཤུལ་ལྷག་ཡོད་པ་རེད།  བོད་མི་རིགས་འདིས་ཕྱོག་གཅིག་ནས་དམར་ཤོག་གཞུང་གིས་གཉའ་གནོན་མྱོང་དགོས་པ་དང་།  ཕྱོགས་གཞན་ཞིག་ནས་རང་ལུས་མེར་སྲེག་གིས་ཤུགས་རྐྱེན་ཐེབས་བཞིན་ཡོད།  གུང་ཁྲན་ཏང་དམར་ཤོག་གཞུང་གིས་བོད་མི་རྣམས་ཀྱི་ཁྱིམ་དུ་༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་པ་བཟོས་ཏེ་དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་པར་སྦྱར་དགོས་ཀྱི་ཡོད་པ་རེད་ལ།  དགོན་སྡེ་ཁག་ནང་དམར་ཤོག་གིས་རྒྱ་དམག་གང་མང་འགྲེམས་འཇོག་བྱས་ཡོད་པ་རེད།  ལོ་ཤས་རིང་རྒྱ་ནག་སྲིད་གཞུང་གིས་དགོན་པའི་ནང་ཆུ་དང་གློག་བཀག་བསྡོམ་བྱས་པ་མ་ཟད། ད་དུང་འབྲུ་རིགས་བཅས་བཀག་བསྡོམ་བྱས་སྐོར་སོགས་བོད་ནང་རྒྱ་གཞུང་གིས་མནར་གཅོད་གཏོང་སྟངས་སྐོར་བཤད་ཡོད་པ་རེད།

དེ་མིན་ད་ལྟའི་ཆར་ཉི་ཧོང་དུ་གནས་སྡོད་བྱས་པའི་རྒྱལ་སྤྱིའི་ཏུ་ཀི་སི་ཐན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། རྒྱ་ནག་གི་ཤིང་ཅང་འབོད་པའི་ཤར་ཏུ་ཀི་སི་ཐན་མི་སྣ་དབྱི་ལི་ཧ་མུས་(Ilham Mahmut)  བཙན་འཛུལ་བས་ང་ཚོའི་ཕ་ཡུལ་བཙན་བཟུང་བྱས་པ་རེད།  འོན་ཀྱང་ང་ཚོས་ཐེ་ཝན་མི་མང་གིས་ངོས་ནས་སོ་སོ་ནི་རྒྱལ་ཁབ་ཅིག་དང་།  ཡང་ན་དུས་ཡུན་རྒྱ་ནག་དང་སོ་སོར་གནས་པའི་ཡུལ་ལུང་ཞིག་ལ་ངོས་འཛིན་ཇི་ལྟར་བྱེད་མིན་ཤེས་ཀྱི་མེད། ང་ཚོའི་རེ་བ་ལྟར་ན་ཐའེ་ཝན་མི་མང་གི་ངོས་ནས་འདི་ནི་སོ་སོའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་ཐོག་ནས་རྒྱལ་སྤྱིའི་སྡེངས་ཆའི་ཐོག་མངོན་ཐུབ་པའི་རེ་བ་ཡོད།  དེ་ལྟར་བྱུང་ན་ང་ཚོ་བཙན་པོས་དབང་བསྒྱུར་འོག་ཏུ་གནས་པའི་མི་རིགས་ཚོར་མཚོན་ན་སེམས་གསོ་ལྟ་བུ་ཞིག་ཡོང་གི་འདུག  ཡང་ན་ཕྱིར་མི་མངོན་པའི་རོགས་སྐྱོར་ཞིག་ཡིན།   དཔེར་ན་རྒྱ་ནག་ནང་དུ་ཡོད་པའི་རང་མི་རིགས་ཀྱིས་ང་ཚོས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་སོགས་བེད་སྤྱོད་གཏོང་ན་དཀའ་ངལ་འཕྲད་ཀྱི་ཡོད་ལ།  ང་ཚོར་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ཡང་མེད། ང་ཚོས་སོ་སོའི་འདོད་མོས་ལྟར་བུ་རྒྱུད་གསོ་སྐྱོང་བྱེད་ཆོག་གི་མེད།  ཁོ་ཚོས་ང་ཚོའི་བུ་རྒྱུད་ས་མཐར་བསྐྱལ་ནས་ལས་ཀ་བྱེད་བཅུག་གི་ཡོད།  འདི་དག་ནི་དུས་རབས་ཉེར་གཅིག་ནང་བྱུང་བའི་གནས་ཚུལ་རེད། རྒྱ་ནག་དམར་ཤོག་གིས་ཨ་རིར་བྱུང་བའི་དོན་རྐྱེན་དེ་ལ་ཁ་གཡར་ནས་འཇིགས་བསྐུལ་རིང་ལུགས་ཀྱི་མིང་ཐོག་ནས་ང་ཚོར་རྡུང་རྡེག་གཏོང་གི་ཡོད།  དམར་པོའི་གཞུང་གིས་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ཐོག་ང་ཚོའི་གཞོན་ནུ་མ་ཁྲི་ང་གཉིས་ས་མཐར་ཁྲིད་དེ་ང་ཚོའི་མི་རིགས་རྩ་མེད་གཏོང་བཞིན་ཡོད།  དུས་མཚུངས་སུ་རྒྱ་ནག་དམར་ཤོག་གིས་ང་ཚོས་སོ་སོའི་རིག་གཞུང་སོགས་བེད་སྤྱོད་ཀྱིས་འཚོ་བ་བསྐྱེལ་བཅུག་གི་མེད།  ཁོ་ཚོས་མི་རིགས་གཅིག་གྱུར་རིང་ལུགས་ཀྱི་ལྟ་བ་འཛིན་གྱི་ཡོད།  རྒྱ་ནག་དམར་པོའི་གཞུང་གིས་ཐེ་ཝན་ལའང་འཇམ་པོའི་སྲིད་ཇུས་འདི་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། ད་ཐེངས་ང་ཚོའི་གནས་སྟངས་བརྒྱུད་ཐེ་ཝན་གྲོགས་པོ་ཚོས་ཤེས་དགོས་པ་དེ་ནི་སོ་སོར་རྒྱལ་ཁབ་དང་རང་དབང་ཡོད་པ་དེ་ནི་གང་འདྲ་བདེ་སྐྱིད་ལྡན་པ་ཞིག་རེད་ཨང།  རྒྱལ་ཁབ་འདི་སྲུང་སྐྱོབ་དང་ས་ཁོངས་འདིའི་རིག་གཞུང་འདི་འཛམ་གླིང་མི་མང་གི་ཆ་ཤས་སུ་གྱུར་ཐབས་བྱ་བར་འབད་བརྩོན་དགོས་པ་ཞིག་རེད། ཅེས་བཤད་འདུག