སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད།
ཐེངས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་ཨ་རིར་ཕེབས་ཏེ་གྲོས་ཚོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་མཇལ་འཕྲད། དེ་བཞིན་སྐུ་ཚབ་དོན་ཁང་ཝ་ཤིང་ཊོན་དུ་སྤོ་ཞུགས་བྱ་རྒྱུའི་ལས་རིམ་འགྲོ་བཞིན་པར་གཟིགས་ཞིབ་གནང་རྒྱུ་སོགས་ཀྱི་ལས་འཆར་ཁག་ཅིག་སྒྲུབ་བཞིན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་དང་ལྕམ་སྐུ་ཕ་ཡིན་སི་ཊེན་ (Feinstein) མཆོག སྐུ་ཞབས་ལི་ཧེ་ (Leahy) མཆོག་སོགས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་༣༥ དང་ལྷན་མཇལ་འཕྲད་ཀྱིས། སྲིད་སྐྱོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་དྲི་བར་ལན་འདེབས་དང་གསལ་བཤད་གནང་བ་དང་སྦྲགས། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཆེད་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཡོད་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༦ ཉིན་ཝ་ཤིང་ཊོན་གསར་ཤོག་སྙན་གྲགས་ཅན་དཱ་ཧིལ་ (The Hill) http://thehill.com/blogs/global-affairs/guest-commentary/297903-tibetan-leader-lobsang-sangay-congress-needs-to-hold-china-to-account-on-tibetཞེས་པའི་རྩོམ་སྒྲིག་པའི་གླེང་སྟེགས་ནང་ཆེད་རྩོམ་ཞིག་སྤེལ་ཏེ།
ད་བར་བོད་མི་༡༡༧ གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་མི་རིགས་དབྱེ་འབྱེད་དང་རིག་གཞུང་དང་ཁོར་ཡུག་རྩ་གཏོར། དཔལ་འབྱོར་ཟུར་ཕུད། དེ་བཞིན་བོད་མི་འབྲོག་པ་རྣམས་བཙན་ཐབས་ཀྱིས་འབྲོག་ས་ནས་ཕྱིར་འབུད་བཏང་སྟེ། ས་གནས་གཅིག་ཏུ་གཞིས་ཆགས་བཅུག་སྟེ་འབྲོག་པ་རྣམས་ཕྱིར་ཕུད་རྗེས་འདོད་རྔམ་དང་ཧམ་སེམས་ཁོ་ནའི་འོག་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདྲ་མིན་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་མིང་འདོགས་སྣ་ཚོགས་འོག་བོད་ཀྱི་དགོན་པ་གྲྭ་ཚང་སོགས་ཀྱི་ནང་དགེ་བཙུན་རྣམས་ལ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་མ་ཟད། ༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་བ་སོགས།
མདོར་ན་ཆོས་བྱེད་དགེ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་ཀུན་ཏུ་སོ་ལྟ་དང་དམ་དྲག་ཧ་ཅང་ཆེན་པོ་བྱས་དང་བྱེད་མུས་བཅས་ལ་བརྟེན་བོད་མི་ཚོས་ཞི་རྒོལ་བྱས་ཡོད་སྐོར་སོགས་ཞིབ་ཕྲ་འཁོད་ཡོད་པ་རེད།