ས་མཚམས་རྩོད་རྙོག་དབར་གྱི་བོད་དོན།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༧ ཕྱི་ལོ་ ༢༠༡༣/༥/༨
རྒྱ་དམར་དྲག་གཞུང་གི་དམག་དཔུང་རྒྱ་གར་ལ་དྭགས་ཀྱི་ས་མཚམས་སུ་བཙན་འཛུལ་གྱིས་རྒྱ་གར་གཞུང་ལ་འཇིགས་སྐུལ་བྱས་ཡོད་ལ། དེའི་རྐྱེན་གྱིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་དང་མི་མང་ལ་ཚོར་སྣང་ཤུགས་ཆེན་པོ་བསྐྲུན་ཡོད། རྒྱ་གར་གཞུང་གིས་གནད་དོན་དེ་ལ་མེས་ཚིག་མེར་གཏུག་གི་སྲིད་བྱུས་ལག་བསྟར་བྱས་ནས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་དེ་ཙམ་བྱས་མེད་ཀྱང་།
གནད་དོན་དེ་རྒྱ་དམར་སྲིད་གཞུང་གི་སྲིད་བློན་གང་མགྱོགས་རྒྱ་གར་དུ་ཡོང་འཆར་ཡོད་པས་སྐབས་དེར་གནད་དོན་དེའི་ཐོག་གླེང་སློང་དགོས་པས་གནད་དོན་དེ་བསམ་བཙུགས་ནས་ཆེ་རུ་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་དང། ད་ལྟའི་ཆར་ཅུང་ཞི་འཇམ་དུ་གྱུར་ཡོད་ཚུལ་བརྗོད་ཀྱང་དོན་དུ་སྲིད་བློན་སླེབས་སྐབས་གླེང་སློང་བདེ་བའི་ཆེད་དུ་རེད།
འདས་པའི་ལོ་རྒྱུས་ནང་བོད་དང་རྒྱ་གར་གྱི་ས་མཚམས་མ་གཏོགས། རྒྱ་དཀར་ནག་གི་ས་མཚམས་ཤིག་གཏན་ནས་མེད་ཀྱང། བོད་རྒྱ་དམར་དྲག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་གྱི་ས་མཚམས་སུ་རྒྱ་དམར་གྱིས་བཙན་འཛུལ་རིམ་པ་བྱས་ཡོད་པ་མ་ཟད། ཕྱི་ལོ་༡༩༦༢ ལོར་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་དམག་འཁྲུགས་ཆེན་པོ་ཤོར་ཡོད། སྐབས་དེར་དོན་དམ་གྱིས་གྱོང་ཆེ་བ་རྒྱ་གར་ལ་རག་ཡོད་ལ། དེ་ནས་བཟུང་རྒྱ་གར་གཞུང་གིས་ས་མཚམས་དེ་དག་ཏུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང། དོན་དམ་པར་པ་ཀི་སི་ཐན་ལས་ཀྱང་རྒྱ་གར་གཞུང་ལ་གཙོ་བོ་ས་མཚམས་དང། དེ་བཞིན་དཔལ་འབྱོར་སོགས་ཀྱི་ཐོག་ནས་ཉེན་ཁ་ཆེ་ཤོས་ཀྱི་དགྲ་བོ་ངོ་མ་དེ་རྒྱ་དམར་དྲག་པོའི་གཞུང་ཡིན་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་བོད་པའི་དབར་གྱི་གནད་དོན་དེ་གལ་སྲིད་ཐག་གཅོད་བྱུང་ན། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་ཞིག་རག་ཐབས་བྱེད་པ་དེ་ཡིན། དེ་ལ་བརྟེན་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སོགས་མི་ཡོང་བར་ཕན་ཐོགས་ཡོད་མེད་དེ་གཞི་རྩའི་ཐོག་གི་གནད་དོན་དུ་ངོས་འཛིན་བྱེད་དགོས། རྒྱ་གར་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་བོད་ས་ཤོར་བའི་རྗེས་སུ་ཡང་སྐྱབས་བཅོལ་བོད་མི་རྣམས་ལ་རོགས་རམ་ཆེ་ཤོས་གནང་མཁན་གྱི་རྒྱལ་ཁབ་དེ་ཡིན་པས། གལ་སྲིད་བོད་དང་རྒྱ་ནག་གི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་དབང་དུ་བཏང་ཡང་རྒྱ་གར་གྱི་བདེ་འཇགས་དང་སྲུང་སྐྱོབ་དེ་དོ་སྣང་ཆེན་པོ་བྱེད་འོས་པའི་གནད་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད།
རྒྱ་གར་གཞུང་གིས་བོད་ལ་དོན་དམ་གྱི་རྒྱབ་སྐྱོར་བྱེད་འོས་མིན་གྱི་གནད་དོན་ཡང་འདི་ལ་བརྟེན་ནས་བབས་གཟིགས་གནང་ངེས་པ་དང། ནང་ཆོས་གཅིག་པུའི་ཐོག་ནས་བཤད་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན། ཞེས་པ་དེ་རྩ་དོན་དུ་བརྩི་དགོས་ཀྱང། ཆབ་སྲིད་ཀྱི་ནང་དུ་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་གནད་དོན་དེ་གཙོ་བོར་མ་བརྩིས་པའི་ཆབ་སྲིད་པ་དེ་དག་རིམ་པས་ནུས་མེད་དུ་འགྱུར་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་དང་མི་རིགས་ལའང་གྱོང་གུད་རག་རྒྱུ་ཉག་གཅིག་ཡིན་པས། གནད་དོན་དེ་ནི་ཆབ་སྲིད་ཐོག་ནས་རྩ་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་བཤད་མི་དགོས་པ་ཞིག་རེད། དེར་བརྟེན་བོད་དང་རྒྱ་ནག་གི་རྙོག་གྲ་ཐག་གཅོད་བྱས་ནས་རྒྱ་གར་གཞུང་དང་མི་མང་ལ་ཁེ་ཕན་ག་རེ་ཡོད་མེད་དེ་ངེས་པར་བལྟ་ངེས་རེད།
ད་ལྟའི་ཆར་བོད་ཀྱི་ཁོར་ཡུག་སྤྱི་དང་བྱེ་བྲག་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་བོད་ཡིན་སྟབས། དེ་དག་ལ་རྒྱ་དམར་དྲག་གཞུང་གི་སྟངས་འཛིན་དང་ཁ་བསྒྱུར་བྱས་ཡོང་དུས་རིམ་པས་གཙང་པོ་དེ་དག་གི་འབབ་ཡུལ་རྒྱལ་ཁབ་དག་ལ་གྱོང་གུད་རག་རྒྱུ་ཡིན་པ་སྨྲོས་མེད་ཡིན། གནད་དོན་དེའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་རག་ཐབས་བྱས་ན་དམིགས་བསལ་གྱི་ཚོར་སྣང་དང་དོ་སྣང་ཆེན་པོ་ཡོད་པ་དང་གཅིག་མཚུངས་རེད། འཛམ་གླིང་གི་རྒྱལ་ཁབ་གང་དང་གང་ཡང་ཡིན་ཡང་དྲང་བདེན་གཅིག་པུ་ལ་གཞི་བཞག་ནས་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་དཀོན་པོ་ཡིན་པ་ཟད། དཔལ་འབྱོར་དང་སྟོབས་ཤུགས་འགྲན་བསྡུར་གྱི་དུས་རབས་འདིར་སྙིང་རྗེ་ཁོ་ན་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡོང་མི་སྲིད་པ་ལྟ་བུ་རེད།
དེར་བརྟེན་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དང་སྲིད་བྱུས་ཚང་མ་རྒྱལ་ཁབ་སོ་སོའི་དམིགས་ཡུལ་དང་དགོས་མཁོ་ལ་བསྟུན་མ་ཐུབ་ན་བོད་དོན་རྒྱབ་སྐྱོར་རག་ཐབས་ཧ་ཅང་དཀའ་ལས་ཁག་པོ་རེད། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་གི་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་བོད་ཀྱི་རྩ་དོན་ཐག་གཅོད་ཀྱི་ལངས་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། གཞན་ཡང་ད་ལྟའི་ཆར་འཛམ་བུའི་གླིང་ནས་རྒྱ་ནག་ནི་མི་འབོར་དང་ཁྲོམ་ར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱ་ནག་དང་ཚོང་འབྲེལ་འཛིན་པ་དེ་རྒྱལ་ཁབ་སོ་སོའི་ཁེ་ཕན་ལ་ཐུག་ཡོད་ཀྱང། ཁེ་ཕན་སྒྲུབ་སྟངས་ཀྱི་ཐོག་ནས་བོད་དོན་བེད་སྤྱོད་གཏོང་ཐུབ་མིན་ཐོག་ལ་བསམ་བློ་ངེས་ཅན་གཏོང་རྒྱུ་ཡོད་པར་སྙམ། དེ་ལྟར་མ་བྱས་ན་བོད་དོན་དེ་ཉིད་ཁེར་རྐྱང་ཅན་དུ་ལྷག་རྒྱུ་གདོན་མི་བཟའ་འོ།།