བརྗེད་མི་སྲིད་པའི་ལོ་རྒྱུས།

སྤྱི་ལོ་༡༩༩༣་ལོ་ནི་ ང་ཕ་མ་དང་ཁ་བྲལ་ནས་མི་ཡུལ་དུ་ཡོང་བས་བརྗེད་མི་སྲིད་པའི་ལོ་རྒྱུས་ཞིག་རེད། ཟླ་ཚེས་བློ་ཡུལ་དུ་གསལ་པོ་མ་ངེས་ཀྱང་ངས་ཚོད་དཔག་བྱས་ན་ཕལ་ཆེར་སྤྱི་ཟླ་༨་པ་ ཡས་མས་ཞིག་ཡིན་ས་ཡོད། དང་ཐོག་ང་མི་ཡུལ་དུ་འགྲོ་འདོད་ཀྱིས་བསམ་བློ་དེ་ཙམ་མེད་མོད་ཉིན་ཞིག་ང་ཡི་ སྤུན་ཉེར་ཞིག་བལ་ཡུལ་ནས་བོད་དུ་གཉེན་འཕྲད་ཆེད་དུ་ཕེབས་སོང་། ཁོང་ནི་བལ་ཡུལ་ཞེ་ཆེན་དགོན་དུ་ཕེབས་ནས་ལོ་༡༥་ཡི་རྗེས་སུ་བོད་དུ་ཕྱིར་ཕེབས་ པ་དང་པོ་དེ་རེད། སྐབས་དེར་ཡུལ་མི་ཚོས་ཁོང་ལ་ཧ་ཅང་མཐོང་ཆེན་དང་གུས་བཀུར་ཞུས་སོང་།

དེ་ནས་ཉིན་ཞིག་ང་ཁོང་སར་ཕྱིན་ནས་སྐད་ཆ་འདྲ་མིན་མང་པོ་བཤད་རྗེས་ངས་ཁོ་ལ་ང་ ལྟ་བུ་ཞིག་རྒྱ་གར་དུ་སོང་ན་སླེབས་ཐུབ་བམ་ཞེས་དྲི་བ་ཞིག་དྲིས། སྐབས་དེར་ཁོང་གིས་འདི་ལྟར་གསུངས་སོང་། རྒྱ་གར་དུ་སླེབས་ཐུབ་མིན་ནི་སོ་སོས་སྒོའི་ཐེམ་པ་ལས་རྒལ་ཐུབ་མིན་ལ་རག་ལས་པ་ ལས་སླེབས་ཐུབ་མིན་ཐེ་ཚོམ་གང་ཡང་དགོས་པ་མ་རེད། ཁྱེད་རང་འགྲོ་འདོད་འདུག་གམ་ཟེར། ངས་འགྲོ་འདོད་འདུག་ཞེས་ཁ་ནས་ཤོར་སོང་། ཁོང་གིས་ཁྱོད་རང་ངོ་མ་འགྲོ་འདོད་ཡོད་ན་བལ་ཡུལ་ཞེ་ཆེན་དགོན་དུ་ཕེབས་དང་མཐུན་ འགྱུར་སོགས་གང་གི་ཆ་ནས་དཀའ་ངལ་འཕྲད་ཀྱི་མ་རེད། ང་ལ་ངོ་ཤེས་ཡག་པོ་ཡོད་པས་ངས་ཁྱེད་ལ་རོགས་པ་གནང་རོགས་ཟེར་ནས་ཡི་གེ་གཏོང་ཡོང་ ཆོག ཟླ་ཤས་རྗེས་སུ་ང་ཡང་སླེབས་ཡོང་ཟེར། ངས་འཆར་གཞི་གང་མེད་པའི་སྒོ་ནས་འགྲོད་འདོད་འདུག་བཅས་ཁ་ནས་ཤོར་བ་དེའི་རྐྱེན་ བྱས་ནས་འགྲོད་འདོད་ཀྱི་མདུན་པ་ཞིག་བྱུང་སོང་། དེ་ནས་རང་ཤག་ཏུ་ཡོང་ནས་བསམ་བློ་མང་པོ་བཏང་རུང་འགོག་མི་ཐུབ་པའི་འགྲོ་འདོད་་ ཀྱི་ཚོར་བ་ནི་སྔར་ལས་ཤུགས་ཆེ་རུ་ཕྱིན་སོང་། མ་གཞི་ལོ་དེར་ང་རང་དགོན་པ་ཆུང་ངུ་ཞིག་གི་ནང་དུ་དཔེ་མཚམས་སུ་བསྡད་ཡོད་པ་མ་ ཟད་རོགས་པ་གྲོགས་པོ་ཞིག་དང་ད་དུང་གྲྭ་ཆུང་མང་པོ་ཡོད། ང་ཚོས་དགོངས་ཟས་རོལ་རྗེས་ངའི་གྲོགས་པོ་ལགས་དང་སྤུན་གྲོགས་བཅས་ལ་ང་རྒྱ་གར་ དུ་འགྲོ་འདོད་འདུག་པས་ཁྱེད་གཉིས་་ང་དང་ལྷན་འགྲོ་ཡི་ཡིན་ནམ་དྲིས་པ་ཡིན། ཁོང་གཉིས་ཀྱི་དང་ཐོག་ང་ལ་ཡིད་ཆེས་གནང་མ་་སོང་ཡང་ངས་བདེན་གཏམ་ཡིན་ཞེས་མཐར་ བསྐྱལ་བ་ཡིན། དེ་ནས་གྲོགས་པོས་ནི་མི་འགྲིག་པ་མི་འདུག ཁྱེད་རང་ངོ་མ་འགྲོ་འདོད་ན་ང་ཡང་འགྲོ་འདོད་ཟེར། ཡིན་ཡང་སྤུན་གྲོགས་ཀྱིས་མོས་མཐུན་མི་གནང་བ་མ་ཟད་ད་དུང་ཁྱོད་རང་ཐག་གཅོད་དེ་ ནོར་འཁྲུལ་ཡིན་པ་མ་ཟད་ངས་ཀྱང་ཕ་མ་སོ་སོར་བཤད་རྒྱུ་ཡིན་ཟེར་ནས་ཁོང་ཁྲོའི་ རྣམ་པ་བསྟན་སོང་། ངས་ཁོང་ལ་འདི་ལྟར་བཤད། ཁྱེད་རང་མི་འགྲོ་ན་ཡང་ང་ཡིས་ཐག་གཅོད་འདི་སུ་ལའང་ལབ་ན་མི་འགྲིག་ཚུལ་གནས་ ལུགས་དང་སྒྲག་ནས་གང་ཤེས་བཤད་པ་ཡིན་མོད་ཁོས་མོས་མཐུན་ཁྱོན་ནས་གནང་གྱི་མི་ འདུག ཡིན་ཡང་ངས་ཀྱང་ཁོང་གིས་བཤད་པར་ཉན་འཇོག་མེད་པར་གྲོགས་པོ་ལ་གང་མགྱོགས་འགྲོ་ དགོས་བཤད་པ་ཡིན། རྒྱུ་མཚན་ནི་ཕ་མ་སོ་སོས་གོ་ན་འགོག་རྐྱེན་འཕྲད་སྲིད་པར་དོགས་ནས་རེད། དེ་ནས་ཁོང་གིས་འོ་ན་ག་དུས་འགྲོ་དགོས་སམ་ཟེར་མ་ཐག་ངས་དོ་དགོངས་མཚན་མོ་ནས་ འགྲོ་དགོས་བཤད་པ་ཡིན། ཁོང་གི་བསམ་བློ་ཞིག་བཏང་ནས་དེ་འདྲ་མ་རེད་ད་ལྟ་ང་རང་གཉིས་ལ་དངུལ་སྒོར་༡༠་ཁ་ ལོངས་བ་ཞིག་མེད་པར་གང་འདྲ་སེ་འགྲོ་དགོས་སམ། དང་པོར་དངུལ་ཅུང་ཟད་རེ་གྲ་བསྒྲིགས་ནས་འགྲོ་དགོས་བཤད་སོང་བས་ངས་ཀྱང་ཁོང་གི་ གསུངས་བར་མོ་མཐུན་བྱས། ཉིན་དེ་ཕྱིན་ཉིན་ནས་དངུལ་གྲ་སྒྲིག་གྱི་ཏ་གོན་འགོ་འཛུགས་བྱས་པ་ཡིན། ཡིན་ཡང་ཆེས་དཀའ་ངལ་ཆེ་ཤོས་ནི་ནང་མིས་ཤེས་རྟོགས་བྱུང་དོགས་དེ་རེད།

མུར་འགོད་་་་་་་་

This will close in 0 seconds