ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བཞིས་དྷ་སར་གཟིགས་སྐོར།
ཉིན་འདི་གར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་༤ དྷ་སར་ཡོང་སྟེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་པ་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་ཕྷ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Jean Jrancois Humbert ་དང་། Adre gattollin གཉིས་བཅས་འཐུས་མི་༤ དྷ་སར་ཡོང་སྟེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱུས་ལོན་ཆེད་། ཉིན་ཤས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་། གཞན་ཡང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་དང་། དགོན་པ་ཁག ཚོགས་པ་ཁག་བཅས་སུ་ཆེད་ཕེབས་གནང་སྟེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་ཏུ་ཆབ་སྲིད་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་ལྟར།
ཟླ་འདིའི་ཕྱི་ཚེས་༡༠ ཉིན་གངས་སྐྱིད་ལྷག་པ་ལྷག་པ་ཆེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་དང་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཚོས་གསར་འགོད་ལྷན་ཚོགས་ཤིག་བསྐོང་སོང་ལ། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་གསུང་བཤད་གནང་སྐབས། ཕྱི་ལོ་༢༠༠༨ ལོ་ནས་བཟུང་སྟེ་བོད་ནང་ཛ་དྲག་གི་གནས་སྟངས་ཇེ་སྡུག་ཏུ་སོང་ན་ཡང་། འཛམ་གླིང་གི་རྒྱལ་ཁབ་ཚོས་བོད་ཀྱི་གནད་དོན་དེར་དོ་སྣང་བྱེད་ཀྱི་མེད་པ་དེ་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་དང་། མ་འོངས་པར་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ངོས་ནས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་བྱ་འཆར་ཡོད་སྐོར། དེ་བཞིན་མ་འོངས་པར་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་འཐབ་རྩོད་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་སོང་།