འཛིན་གྲྭ་འདིར་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ལག་ཁྱེར་ཡོད།
ཉེ་ཆར་དྷ་ས་བོད་ཀྱི་བདེ་རྩའི་ཡང་སྟེང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་བོད་ཀྱི་བདེ་རྩ་ཐུན་མོང་གི་གོ་སྒྲིག་འོག བོད་ནས་གསར་དུ་ཕེབས་མཁན་ཚོ་དང་སྤྱི་ཚོགས་ནང་གཞི་རིམ་སློབ་སྦྱོང་གི་གོ་སྐབས་རྒྱུན་འཁྱོངས་མ་ཐུབ་མཁན་ཚོའི་ཆེད་རྨང་རིམ་ཤེས་ཡོན་འཛིན་གྲྭ་ཞིག་གསར་དུ་འཚོགས་ཡོད་པ་རེད།
འཛིན་གྲྭ་དེའི་སྐོར་དང་། བོད་ཀྱི་བདེ་རྩ་ཚོགས་པས་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐད་ལ་ཚོགས་པ་དེའི་འགན་འཛིན་ཚེ་རིང་དོན་འགྲུབ་ལ་འདི་གའི་གསར་འགོད་པས་བཅར་འདྲི་བྱས་ཡོད།
དྲི་བ། ཐོག་མར་ཉེ་ཆར་འཛིན་གྲྭ་གསར་པ་ཞིག་འཚོགས་ཡོད་པ་དེའི་སྐོར་ངོ་སྤྲོད་ཅིག་བྱ་རོགས།
ལན། ད་ཐེངས་ང་ཚོས་འཛིན་གྲྭ་གསར་པ་ཞིག་དབུ་འཛུགས་གནང་ཡོད་རེད། སྤྱིར་བཏང་དབྱིན་ཡིག་དང་གློག་ཀླད་ཀྱི་འཛིན་གྲྭ་དེ་༢༠༠༥ ནས་འགོ་བརྩམས་ཡོད། ད་རེས་ང་ཚོས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་རྨང་རིམ་ཤེས་ཡོན་སློབ་གྲྭ་ཟེར་བ་ཞིག་གོ་སྒྲིག་བྱས་ཏེ་ཕྱི་ཟླ་༤ པའི་ནང་ནས་འགོི་བརྩམས་ཏེ་འཛིན་གྲྭ་འཚོག་གི་ཡོད། དེར་བརྟེན་གཞུང་འབྲེལ་མཛད་སྒོ་དེ་༢༠༡༣ ལོའི་ཕྱི་ཟླ་༥ ཚེས་༨ ཉིན་འཚོགས་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་དབྱིན་ཡིག་དང་གློག་ཀླད་སྦྱོང་སའི་འཛིན་གྲྭ་མང་པོ་ཞིག་ཡོད་རེད། རྩ་བས་འཛིན་གྲྭ་དེ་ཚོའི་ནང་དབྱིན་ཡིག་སྦྱངས་པ་དེས་ཕན་ཐོགས་ཡོད་རེད། ཡིན་ན་ཡང་དེ་ནས་ཐོན་རྗེས་ལས་ཀ་བྱེད་རྒྱུ་དང་མཐོ་སློབ་དེ་འདྲར་འགྲོ་རྒྱུར་ཕན་ཐོགས་ཀྱི་ཡོད་པ་མ་རེད།
དེང་སང་ལས་ཀ་ག་རེ་བྱས་ན་ཡང་ལག་ཁྱེར་དགོས་ཀྱི་ཡོད་རེད། མོ་ཊ་གཏོང་མཁན་ཡིན་ན་འཛིན་གྲྭ་༨ པའི་ལག་ཁྱེར་དང་། ཡིག་སྐྱེལ་བ་ཡིན་ན་འཛིན་གྲྭ་༨ པའིོ་ལག་ཁྱེར་དགོས་ཀྱི་ཡོད་པ་རེད། དེར་བརྟེན་བོད་ནས་གསར་དུ་ཕེབས་མཁན་མང་པོ་ཞིག་ལ་དབྱིན་ཡིག་གི་ཤེས་ཚད་གང་འཚམ་ཡོད་ན་ཡང་ལག་ཁྱེར་མེད་ནས་ལས་ཀ་རག་གི་ཡོད་པ་མ་རེད། དེ་བཞིན་ཁ་ཤས་ཤིག་གིས་མ་འོངས་པར་གང་ཞིག་བྱེད་དགོས་བསམ་ན་ཡང་ལག་ཁྱེར་མེད་ནས་ལྷག་འགྲོ་ཡི་ཡོད་པར་བརྟེན། ངས་ལོ་ཁ་ཤས་ཀྱི་གོང་ནས་འདི་ནས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ལག་ཁྱེར་ཞིག་སྤྲད་ཐུབ་ན། མ་འོངས་པར་ལས་ཀ་རག་ཐབས་དང་མུ་མཐུད་ནས་མཐོ་སློབ་ཏུ་འགྲོ་བའི་ལམ་ཁ་ཚང་མར་ཕན་ཐོགས་ཡོང་ས་རེད་བསམ་སྟེ། རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་ཏེ་ཤུགས་བརྒྱབ་པ་ཡིན། དེར་བརྟེན་རྒྱ་གར་གཞུང་གིས་ཀྱང་ང་ཚོར་ཆོག་མཆན་ཐོབ་ཏེ་མ་འོངས་པར་འདི་ནས་ཐོན་མཁན་ཚོར་ལག་ཁྱེར་སྤྲད་གཏན་ཁེལ་བ་རེད།
དྲི་བ། སློབ་སྦྱོང་གི་དུས་ཡུན་ག་ཚོད་ཡིན་མིན་དང་འདི་ནས་འཛིན་རིམ་ག་ཚོད་ཀྱི་ལག་ཁྱེར་སྤྲད་ཀྱི་ཡོད་མེད་ཀྱི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།
ལན། སློབ་སྦྱོང་གི་དུས་ཡིན་དེ་ལོ་༡ རེད། འཛིན་གྲྭ་གསུམ་པ་དང་། ལྔ་པ། བརྒྱད་པ་ཚང་མར་ལག་ཁྱེར་རག་གི་རེད། དེ་བཞིན་ལོ་རྗེས་མ་ནས་ང་ཚོས་འཛིན་གྲྭ་༡༠ པ་དང་༡༢ འཚོག་རྒྱུའི་འཆར་གཞི་ཡོད། འདི་ནས་སྤྲད་པའི་ལག་ཁྱེར་དེ་ཁུར་ནས་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཚང་མར་འགྲོ་ཐུབ་ཀྱི་རེད། རྒྱ་གར་གཞུང་གི་གཞི་རིམ་སློབ་གྲྭར་སོང་བའི་ལག་ཁྱེར་དང་ཁྱད་པར་ཡོད་མ་རེད།
དྲི་བ། འཛིན་གྲྭ་འདིར་འཛུལ་ཞུགས་བྱེད་སྟངས་ག་འདྲ་རེད།
ལན། སྤྱིར་བཏང་འཛུལ་ཞུགས་བྱེད་སྟངས་དེ་ང་ཚོ་འདིར་འཛིན་གྲྭ་ཁག་གསུམ་ཡོད་རེད། འཛུལ་ཞུགས་བྱེད་མཁན་སོ་སོའི་ངོས་ནས་ཤེས་ཚད་ཀྱིས་འདང་གི་ཡོད་བསམ་ན་གང་དུ་འཛུལ་ཞུགས་བྱེད་ཀྱང་ཆོག་གི་རེད། ལག་ཁྱེར་དེ་འདྲ་དགོས་ཀྱི་ཡོད་པ་མ་རེད། འཛིན་གྲྭ་ཀ་པ་དེ་འཛིན་གྲྭ་༣ པའི་ཤེས་ཚད་དང་མཉམ་པ་དང་། འཛིན་གྲྭ་ཁ་པ་དེ་འཛིན་གྲྭ་༥ པའི་ཤེས་ཚད་དང་མཉམ་པ། འཛིན་གྲྭ་ག་པ་དེ་འཛིན་གྲྭ་༨ པའི་ཤེས་ཚད་དང་མཉམ་པ་བྱས་ཡོད་རེད། རྩ་བས་ང་ཚོས་ཡིག་ཚད་ཅིག་བཏང་སྟེ་འཛུལ་ཞུགས་པ་སོ་སོའི་ཤེས་ཚད་དང་བསྟུན་ཏེ་འཛིན་གྲྭ་གང་དུ་གཏོང་དགོས་བལྟ་ཡི་རེད།
དྲི་བ། ད་ཐེངས་རྒྱ་གར་གཞུང་གིས་ལག་ཁྱེར་སྤྲད་ཀྱི་ཡོད་པར་བརྟེན་སློབ་ཚན་སྒྲིག་ཕྱོགས་དེ་རྒྱ་གར་གཞུང་དང་འབྲེལ་བ་ཡོད་རེད་དམ།
ལན། སློབ་ཚན་སྒྲིག་ཕྱོགས་དེ་རྒྱ་གཞུང་གི་སློབ་ཚན་དང་གཅིག་པ་འགྲོ་དགོས་ཀྱི་ཡོད་རེད། འཛིན་གྲྭ་༨ པར་མཚོན་ན་དབྱིན་ཡིག་དང་། ཚན་རིག ཨང་རྩིས། གློག་ཀླད་བཅས་སློབ་ཚན་༤ སྦྱང་དགོས་ཀྱི་ཡོད་རེད། དེ་བཞིན་འཛིན་གྲྭ་༥ པ་དང་༣ པར་མཚོན་ན་ཡང་སྤྱི་ཚོགས་ཚན་རིག་དང་། དབྱིན་ཡིག ཨང་རྩིས། གློག་ཀླད་བཅས་སློབ་ཚན་༤ སྦྱང་དགོས་ཀྱི་ཡོད་རེད། སློབ་མ་ཚོའི་སློབ་དེབ་ཀྱི་འགྲོ་སོང་གཙོས་པའི་སློབ་ཡོན་ཚང་མ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱིས་གནང་གི་ཡོད་རེད་ལ། དེ་བཞིན་དྷ་སར་སྡོད་མཁན་གྱི་སློབ་མ་ཡིན་ན་ཟླ་བ་རེ་ལ་ཧིན་སྒོར་༡༥༠༠ དང་། ཕྱི་ལོག་ནས་ཕེབས་མཁན་གྱི་སློབ་མ་ཡིན་ན་ཟླ་བ་རེར་ཧིན་སྒོར་༢༥༠༠ རེ་གསོལ་ཕོགས་གནང་གི་ཡོད་རེད། ད་ལྟའི་ཆར་འཛིན་གྲྭ་ཚང་མར་སློབ་ཕྲུག་༣༦ ཡོད།
དྲི་བ། བོད་ཀྱི་དགེ་རྩ་ཚོགས་པས་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་གཞན་གང་དང་གང་ཡོད་རེད།
ལན། སྤྱིར་བཏང་ང་ཚོེ་བོད་ཀྱི་བདེ་རྩ་ཚོགས་པར་ལས་གཞི་མི་འདྲ་བ་ཁག་༤ ཡོད། ཤེས་ཡོན་ཚན་པའི་ནང་༢༠༠༧ ནས་འགོ་བརྩམས་ཏེ་སློབ་ཕྲུག་ཚོར་སློབ་ཡོན་སྤྲད་རྒྱུའི་ལས་གཞི་ཞིག་བརྩམས་ཏེ་ད་ལྟའི་བར་སློབ་ཕྲུག་༧༥ ཙམ་ལ་སློབ་ཡོན་སྤྲད་ཡོད། དེ་བཞིན་དུད་འགྲོར་ལྟ་སྐྱོང་བྱེད་མཁན་གྱི་ཚན་པ་ཞིག་བཙུགས་ཏེ། དྷ་ས་ཁུལ་གྱི་ཁྱིའི་གྲངས་འབོར་མང་དུ་མི་འགྲོ་བ་དང་ཁྱིའི་ནད་རིགས་འདྲ་མིན་མི་ཡོང་བའི་ཐབས་ཤེས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ཡང་སྤྱི་ཚོགས་ཞབས་ཞུ་དང་། འཕྲོད་བསྟེན་བཅས་ཀྱི་ཐད་ནས་མང་ཚོགས་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད།།