བོད་མི་ཞིག་བཙོན་ཁང་ནང་དམར་གསོད་བཏང་འདུག
ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༡ ཉིན་ཁམས་ཆབ་མདོ་མཛོ་སྒང་རྫོང་མང་རྗེ་གྲོང་ནས་ཡིན་པའི་གྲྭ་སྐལ་རྡོ། ཆབ་མདོ་མཛོ་སྒང་རྫོང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་བཙོན་ཁང་དུ་དམར་གསོད་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་བཞུགས་སྒར་གནས་སྡོད་ཚེ་རིང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རང་ལོ་༤༠ ཙམ་ཡིན་པའི་གྲྭ་སྐལ་རྡོ་ལགས་ནི་དེ་སྔོན་ཆབ་མདོ་དགོན་པའི་གྲྭ་པ་ཡིན་པ་དང་ནམ་རྒྱུན་རིག་པ་ཡག་པོ་ཡོད་པས་སློབ་སྦྱོང་ཡག་ཤོས་ཡིན་འདུག་ལ། ༧གོང་ས་མཆོག་གིས་དོལ་རྒྱལ་བཀག་འགོག་གནང་བའི་སྐོར་གོ་རྗེས་ཆབ་མདོ་དགོན་པ་ནས་ཐོན་ཏེ་མང་རྗེ་གྲོང་དུ་བསྡད་ཡོད་འདུག་པ་དང་། ཁོང་གིས་མང་རྗེ་གྲོང་མི་ཚོར་དོལ་རྒྱལ་བསྟེན་རྒྱུ་མེད་པའི་སྐོར་གྱི་ལམ་སྟོན་གནང་བར་བརྟེན། རྒྱ་གཞུང་གིས་ཁོང་ལ་ཤུགས་ལྡན་བསྟེན་རྒྱུ་ཡིན་པའི་ས་ཡིག་རྒྱག་དགོས་པའི་བཙན་བཀའ་བཏང་སྟེ། ས་རྟགས་རྒྱག་སའི་ཤོག་བུ་དང་སྨྱུག་གུ་སྤྲད་སྐབས་ཁོང་གིས་བོད་རང་བཙན་ཡིན་ཞེས་ཐེངས་མང་པོར་བྲིས་རྐྱེན། གོང་ཚེས་ཉིན་མཛོ་སྒང་རྫོང་གི་ས་གནས་ཉེན་རྟོག་མི་སྣས་འཛིན་བཟུང་བཙོན་འཇུག་གིས་བཙོན་ཁང་ནང་ཉེས་རྡུང་བཏང་སྟེ་དམར་གསོད་བཏང་ཡོད་འདུག་པ་མ་ཟད། ཕུང་པོ་ཆབ་མདོར་བསྐྱལ་ཏེ་སྲིང་མོ་ལེན་སར་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་འདུག
དེ་སྔོན་ཡང་རྒྱ་གཞུང་གིས་ནང་ཚེ་གྲོང་གི་འཇམ་དབྱངས་འཕྲིན་ལས་དང་། སྦུན་མདའ་གྲོང་གི་པདྨ་ཚེ་དཔག་གཉིས་ཀྱང་། བཙོན་ཁང་ནང་ཉེས་རྡུང་བཏང་སྟེ་བསད་ཡོད་འདུག་པས་ད་ཐེངས་ཀྱི་གནས་ཚུལ་འདི་ཐེངས་གསུམ་པ་དེ་ཆགས་ཡོད་འདུག
དེང་སྐབས་ཚ་བ་མཛོ་སྒང་རྫོང་གི་བརྒྱུད་ལམ་ཡོངས་རྫོགས་བཀག་ནས་གནས་ཚུལ་གསར་པ་རག་ཁག་པོ་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་པས་གསུང་གི་འདུག