ས་ཆ་གཞུང་བཞེས་དང་མི་མང་ལ་རྡུང་རྡེག་བཏང་འདུག

བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཉེ་འགྲམ་གྱི་བོད་མི་ཚོར་རྒྱ་གཞུང་གིས་ཉེན་རྟོག་པ་ཡོང་སྟེ། ས་ཆ་བཙན་འཕྲོག་བྱས་པ་དང་། མི་མང་གིས་ས་ཆ་མ་སྤྲད་པར་བརྟེན། ཉེན་རྟོག་པས་མི་མང་ལ་རྡུང་རྡེག་བཏང་བ་མ་ཟད། ཁག་ཅིག་ལ་རྨས་སྐྱོན་ཕོག་པ་དང་། ཁག་ཅིག་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༢ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྤྱི་བདེ་མི་སྣ་དང་། དྲག་ཆས་ཉེན་རྟོག་པ་བཅས་ཀྱིས་བོད་མི་གྲངས་༢༠༠ ཙམ་གློ་བུར་རྫོང་མཐའ་ལ་ས་གནས་བོད་མི་ཚོས་ཉོས་ཡོད་པའི་ས་ཆའི་ཐོག་འབྱོར་ནས། ས་ཆ་དེ་དག་ནི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པ་ལས་མི་སྒེར་གྱིས་ཉོ་བ་དང་སྤྱོད་ཆོག་པའི་དབང་ཆ་མེད་པས་ཡག་པོ་བྱས་ནས་རྩིས་སྤྲོད་མ་བྱས་ན་བཙན་འཕྲོག་བྱེད་རྒྱུའི་ཡིན་པའི་འཇིགས་སྐུལ་བྱས་ཡོད་ཀྱང་། ས་བདག་བོད་མི་ཚོས་རྒྱུ་དངོས་མང་པོའི་འགྲོ་སོང་བཏང་ནས་ཉོས་པ་དང་། ཡུན་རིང་བདག་གཉེར་བྱས་པར་བརྟེན་རྩིས་སྤྲོད་བྱེད་རྒྱུ་མིན་པ་བཤད་ནས་སོ་སོའི་ས་ཐོག་ཏུ་བསྡད་སྐབས། སྤྱི་བདེ་ཚན་པ་དང་དྲག་ཆས་དམག་མིས་བོད་མི་ཚོར་གཅར་རྡུང་དྲག་པོ་བྱེད་ཞོར་ས་ཐོག་ནས་ཕྱིར་ཕུད་བྱས་པ་དང་། ས་ཆ་དེར་དེ་མ་ཐག་ལྕགས་ར་བསྐོར་ནས་ཀླུ་ཆུ་རྫོང་ས་ཁུལ་བདག་སྐྱོང་འགོ་ཁྲིད་ཚོགས་ཆུང་ཞེས་པས་མི་མང་སྲིད་གཞུང་གི་ཡིག་ཆ་དང་མཉམ་ས་ཆ་དེ་ཕྱིར་བསྡུ་གཞུང་བཞེས་བཏང་བ་ཡིན་པའི་བརྡ་ཁྱབ་བཙན་གྱིས་སྦྱར་འདུག འོན་ཀྱང་ས་གནས་བོད་མི་ཚོ་མུ་མཐུད་ས་ཐོག་དུ་ཉལ་ནས་ངུ་འབོད་བྱེད་པ་དང་། ས་ཆ་རྩིས་སྤྲོད་བྱེད་འདོད་མེད་པའི་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་གཅར་རྡུང་དྲག་པོས་བོད་མི་དར་རྒྱས་དང་། མགོན་པོ་སྐྱབས་སོགས་ཉུང་མཐར་ཡང་མི་གྲངས་༡༥ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། གཅིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུག།