འཐབ་རྩོད་ཀྱི་དམིགས་ཡུལ་དང་ངོ་བོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༣༨ ཕྱི་ལོ་ ༢༠༡༣/༥/༡༥
བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་བརྟན་པོ་ཞིག་མེད་ན་འཐབ་རྩོད་ཀྱི་ཐབས་ལམ་དང། འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ཀྱང་བརྟན་པོ་ཞིག་རྙེད་རྒྱུ་ཧ་ཅང་ཁག་པོ་རེད། བཙན་བྱོལ་དུ་ཐོག་མར་འབྱོར་བའི་སྐབས་ནས་བཟུང་ད་ལྟའི་བར་འཐབ་རྩོད་ཀྱི་དམིགས་ཡུལ་དང་ལངས་ཕྱོགས་གཅིག་མཚུངས་ཤིག་གཏན་ནས་བྱུང་མེད་ལ།

ད་ལྟའི་ཆར་ཡང་ངེས་གཏན་དང་ཁ་ཚོན་ཆོད་པའི་དམིགས་ཡུལ་གསལ་པོ་ཞིག་ངོས་འཛིན་བྱེད་དཀའ་བ་ལྟ་བུར་གྱུར་ཡོད། བོད་དོན་འཐབ་རྩོད་དེ་ལོ་རྒྱུས་ཀྱི་གནད་དོན་རྩོད་ཀྱི་མེད་པ་དང། མི་རིགས་ཀྱི་གནད་དོན་རྩོད་རྒྱུ་མེད་པར། བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན་ཚུལ་འགོ་ཁྲིད་མཁན་ཚོས་ཡང་ཡང་བརྗོད་མྱོང་ཡོད་ལ། དེའི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན་པའི་བརྗོད་སྟངས་དེ་ད་ལྟའི་ཆར་ཡང་གཅིག་མཚུངས་སུ་གནས་ཡོད།

ང་ཚོའི་དགྲ་བོ་དེ་རྒྱ་དམར་གཞུང་ཡིན་པ་ལས་རྒྱ་མི་རིགས་མ་རེད་ཅེས་ཡང་ཡང་དྲིལ་བསྒྲགས་པ་དང། རྒྱ་རིགས་དང་འབྲེལ་ལམ་བྱེད་པའི་སྡེ་ཚན་ཁག་ཅིག་ཀྱང་གཞུང་འབྲེལ་གྱིས་གསར་འཛུགས་གནང་ནས་ཕྱི་སྡོད་རྒྱ་རིགས་ཁག་ཅིག་དང་འབྲེལ་ལམ་གནང་གི་ཡོད་པ་རེད། གནད་དོན་དེ་ཕྱོགས་གཅིག་ནས་རྒྱ་རིགས་མི་མང་གིས་བོད་པའི་བདེན་དོན་ལ་རྒྱབ་སྐྱོར་འཐོབ་ཆེད་དུ་ཡིན་པ་དང། དམིགས་ཡུལ་གྱི་ཐོག་ནས་བསྔགས་བརྗོད་འོས་པའི་གྲངས་སུ་བགྲང་འོས་པ་ཞིག་རེད། འོན་ཀྱང་ཕྱི་སྡོད་རྒྱ་མི་དེ་དག་ལ་མཚོན་ན་རྒྱ་ནག་གི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཡིན་མིན་དང། དེ་ལ་བརྟེན་ནས་དོན་དངོས་སུ་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་ཤུགས་རྐྱེན་བཟང་ངན་ཕྱོགས་གང་ནས་ཐེབས་ཀྱི་ཡོད་མེད་ཀྱང་བསམ་ཞིབ་བྱེད་དགོས་པ་ཞིག་རེད།

བོད་ཀྱི་རིག་གཞུང་དང་གཙོ་ཆེ་ཤོས་ནང་བསྟན་ཆོས་ལུགས་ཀྱི་ཆེད་ཁོ་ན་ལས། མི་རིགས་ཀྱི་གནད་དོན། བཙན་འཛུལ་དབང་བསྒྱུར་གྱི་གནད་དོན། ཐ་ན་རྒྱ་ནག་གི་སྤྱི་ཚོགས་དེ་རང་དབང་མང་གཙོ་ཅན་དུ་བསྒྱུར་ཐབས་ཙམ་ཡང་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་ནང་མེད་ན། བོད་པའི་འཐབ་རྩོད་དེ་ཡང་ངོས་འཛིན་བྱེད་དཀའ་བ་དང། མཐར་ཐུག་གི་དམིགས་ཡུལ་ཡང་ག་རེ་ཡིན་མིན་ཐད་ཁ་ཕྱོགས་གསལ་པོ་མེད་པར། སྨུག་ལོང་ཁྲོད་དུ་ལམ་སྟོར་བའི་འགྲུལ་པ་བཞིན་དུ་གྱུར་ཡོད་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། སྔོན་མ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང། སི་ཊ་སི་སྦག་གི་གསུང་བཤད་རང་སར་གནས་པའི་སྐབས་དང། ད་ལྟ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་རྩོད་བཞིན་པའི་གནད་དོན་བཅས་ཀྱི་བར་དུ་འགྱུར་བ་ཧ་ཅང་མང་པོ་སོང་ཡོད།

བོད་རྒྱའི་གནད་དོན་འདི་ཉིད་ཆོས་དང་རིག་གནས་དང་འབྲེལ་བ་མེད་པ་ཞིག་གཏན་ནས་མིན་ཡང། གཙོ་བོ་མི་རིགས་ཀྱི་གནད་དོན་རང་ཡིན་པར་བརྩིས་ནས་འཐབ་རྩོད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་འདུག་པ་དང། དེ་ཡང་གཙོ་བོ་ད་ལྟ་རྒྱ་དམར་དྲག་གཞུང་གིས་བོད་དང། ཤར་ཏིརྐི་སི་ཐན། ནང་སོག་སོགས་གྲངས་ཉུང་མི་རིགས་གནས་སྡོད་ས་ཁུལ་ཁག་ཏུ་རྒྱ་མི་རིགས་ཆེན་པོའི་ལྟ་གྲུབ་ཀྱི་ཐོག་ནས་གནོན་ཤུགས་དང་ཁྱད་གསོད་མཐོང་ཆུང་བྱེད་པའི་ཐབས་ཤེས་གང་མང་ཞིག་ལག་བསྟར་བྱེད་བཞིན་ཡོད་ལ། དེ་ནི་གཙོ་ཆེ་ཤོས་གྲངས་ཉུང་མི་རིགས་སྤྱི་དང། ལྷག་པར་དུ་བོད་མི་རིགས་རྩ་མེད་གཏོང་ཆེད་དུ་བོད་ཀྱི་རིག་གནས་དང་གོམས་གཤིས་སོགས་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་ངན་པ་གང་མང་ཞིག་སྤེལ་བཞིན་ཡོད་པ་རེད།

འོན་ཀྱང་དོན་དུ་རྒྱ་དམར་དྲག་གཞུང་ལ་བོད་རིགས་དགོས་ཀྱང་བོད་ཀྱི་རིག་གཞུང་མི་དགོས་པ་ཞིག་གཏན་ནས་མ་རེད། ཁོང་ཚོ་ལ་བོད་རིགས་མི་དགོས་པར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད། དེར་བརྟེན་གནད་དོན་དེ་གཉིས་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་པ་ཞིག་ཡིན་ཡང། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་ཆོས་དང་རིག་གནས་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན་ཞེས་བརྗོད་ན། བོད་རིགས་མི་མང་ཚང་མའི་འདོད་པ་ཁེངས་ཐུབ་པ་ཞིག་ཡིན་མིན་ཐོག་ལ་བསམ་བློ་གཏོང་དགོས་པ་དང། བོད་པ་ཡིན་ཚད་ཆོས་ལུགས་པ་ཡིན་པའི་ངེས་པ་གང་ཡང་མེད་ལ། ནང་པ་སངས་རྒྱས་པ་ཁོ་ན་ཡིན་དགོས་པའི་རྒྱུ་མཚན་དེ་བས་ཀྱང་མེད། དེ་ལས་བོད་མི་རིགས་ཀྱི་གནད་དོན་ཡིན་པ་དེ་ཡིན་པ་རང་གི་ཐོག་ནས་ཁ་གསལ་གྱིས་འཐབ་རྩོད་བྱས་ན། བོད་རིགས་ཡིན་ནོ་ཅོག་གིས་ངོས་ལེན་བྱེད་ཐུབ་པའི་གནད་དོན་ཞིག་ཡིན། ང་ཚོས་མི་རིགས་གཙོ་གནད་དུ་འཛིན་རྒྱུ་དེ་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བོད་ནང་གི་ལངས་ཕྱོགས་དང་བསམ་བློ་གཏོང་སྟངས་དང་མཐུན་པ་ཆགས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གོང་དུ་བརྗོད་པ་བཞིན་ཆོས་དང་རིག་གནས་ཀྱི་ཆེད་ཁོ་ན་ལས། མི་རིགས་ཀྱི་འཐབ་རྩོད་ཅིག་མིན་ཞེས་ཡང་ཡང་གསུང་བཞིན་ཡོད་ཀྱང། རྒྱ་གཞུང་ལ་ཕུལ་བའི་ཡིག་ཆ་དེ་ལ་བོད་རིགས་ཡོངས་ལ་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་འཁོད་ཡོད་པ་རེད། དེར་བརྟེན་གནད་དོན་དེའི་ཐོག་ནས་བལྟས་ན་མི་རིགས་ཀྱི་འཐབ་རྩོད་མིན་ཞེས་བརྗོད་ཀྱང་ག་ཚོད་ཅིག་ཁུངས་འཁྱོལ་ཐུབ་མིན་ད་དུང་དོགས་པའི་གནས་སུ་གྱུར་ཡོད། སླད་ཀྱི་ཆར་མི་རིགས་ཀྱི་གནད་དོན་གཙོ་བོ་བྱས་ནས་རྩོད་རྒྱུའི་ལངས་ཕྱོགས་བཟུང་ན། བོད་མི་རིགས་གསོན་པོར་གནས་དགོས་དུས་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་དེའི་ནང་དུ་རང་བཞིན་གྱིས་ཚུད་ཡོང་ལ། བོད་རིགས་ཚང་མས་འཐབ་རྩོད་ལ་འགན་ཁུར་རྒྱུར་སེམས་ཐག་ཉེ་པོ་ཡོང་ངེས་རེད།།