རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྒྱབ་དཀར་ཡིག་ཆ།

རྒྱ་ནག་སྲིད་གཞུང་གིས་ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཁྱབ་བསྒྲགས་བྱས་པའི་<<ཕྱི་ལོ་༢༠༡༢ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཡར་རྒྱས་>>ཞེས་པའི་རྒྱབ་དཀར་ཡིག་ཆའི་ནང་། ཕྱོགས་དྲུག་གི་ཐོག་ནས་འདས་ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལེགས་བཅོས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་ཡོད་པ་དང་།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཁྲིམས་རྩོད་པ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་ལ་མངོན་གསལ་དོད་པོའི་ཡར་རྒྱས་སོང་མེད་ལུགས་བརྗོད་ཡོད་པ་རེད།

རྒྱབ་དཀར་ཡིག་ཆ་དེ་ནི་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་འདུག་པ་དང་། རྒྱབ་དཀར་ཡིག་ཆ་དེའི་སྔོན་གླེང་ནང་། “འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་ཁག་ཐེག་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་ཚན་པ་ཁག་གི་སྙིང་སྟོབས་དང་ལག་ལེན་ཡིན། ལོ་མང་པོའི་རིང་འབད་བརྩོན་ལྷོད་མེད་བརྒྱུད་དེ་རྒྱ་ནག་མི་མང་གི་འཚོ་བའི་ཆུ་ཚད་དང་། མང་གཙོ་འཛུགས་བསྐྲུན་གྱི་ཆུ་ཚད། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་ཆུ་ཚད། རིག་གནས་ཡར་རྒྱས་ཀྱི་ཆུ་ཚད། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆུ་ཚད་སོགས་ཕྱོགས་ཐམས་ཅད་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་ཐུབ་པ་བྱུང་ཡོད་”ཅེས་འཁོད་ཡོད་པ་རེད།

ལོ་སྔོན་མའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལེགས་བཅོས་ཀྱིས་སྐས་རིམ་ཆུང་ངུ་ཞིག་ཏུ་སླེབས་ཡོད་པ་དང་ཆེན་པོ་ཞིག་ཏུ་སླེབས་ཡོད་མིན་ཐད། མི་མང་དཀྱུས་མ་རྣམས་ཀྱི་ཁེ་དབང་རྩོད་ལེན་བྱེད་པའི་ཁྲིམས་རྩོད་པས་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ཡོད་འདུག པེ་ཅིང་གི་ཁྲིམས་རྩོད་པ་ཝང་ཆེ་ཏྲིང་གིས་ཕྱི་ཚེས་༡༤ ཉིན་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། “ཁོང་ཐུག་མྱོང་བའི་གྱོད་དོན་དང་ཁོང་གིས་ལྟ་ཞིབ་བྱེད་པ་ལྟར་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལ་མངོན་གསལ་དོད་པོའི་ཡར་རྒྱས་སོང་མི་འདུག་ཅེས་དང་”། ཁོང་གིས་མུ་མཐུད་དུ“ཁོང་རང་ཉིད་ཀྱིས་དངོས་སུ་བསྒྲུབས་པའི་གྱོད་དོན་དང་ཡང་ན་དྲ་ལམ་བརྒྱུད་དེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་བལྟས་ན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་མ་ཟད། ས་ཆ་ཁ་ཤས་ཀྱི་མི་མང་དང་འགོ་ཁྲིད་བར་གྱི་འགལ་ཟླ་ཛ་དྲག་ཏུ་འགྲོ་བཞིན་པ་དང་། གནས་སྟངས་སྔོན་མ་ལས་ཀྱང་ཆེས་སྐྱོ་རུ་འགྲོ་བཞིན་འདུག”  ཝ་ཆེ་ཏྲིང་གིས་བཤད་རྒྱུར “ད་ལྟའི་རྩ་ཁྲིམས་གྲུབ་ཚུལ་དང་ཆབ་སྲིད་གྲུབ་ཆའི་འོག མི་མང་ལ་གཞི་རྩའི་འདྲ་མཉམ་གྱི་བརྒྱུད་ལམ་མེད་པ་དང་ཕྱོགས་མཚུངས། སྲིད་གཞུང་གཅིག་པུ་དཔལ་འབྱོར་ཡར་ཐོན་ཅན་གྱི་ལམ་དུ་བསྐྱོད་པ་དང་། ས་གནས་སོ་སོའི་སྲིད་གཞུང་གིས་ཕྱོགས་གཅིག་གི་དཔལ་འབྱོར་མཁོ་བསྒྲུབས་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། ”

རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའིི་ཐོབ་ཐང་ལེགས་བཅོས་ཀྱི་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ་དང་སྦྲགས། དོན་དངོས་སུ་དོ་དམ་དང་སྟངས་འཛིན་ལ་ཉེན་ཁ་འཕྲད་བཞིན་པ་ངོས་ཟིན་ཏེ། མི་མང་དང་སྤྱི་ཚོགས་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། རྒྱ་ནག་མང་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་ཝ་ཆེ་ཏྲིང་ཡིས་ཁོང་གིས་གཞི་རིམ་མི་མང་གི་ཁེ་དབང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་བྱས་པའི་ཉམས་མྱོང་གཞིར་བཟུང་། རྒྱ་ནག་གཞི་རིམ་མང་ཚོགས་རྣམས་ཀྱི་རྩ་བའི་ཁེ་དབང་དང་འགྲོ་བ་མིའི་ཐོང་ཐང་གི་གནས་བབས་ཧ་ཅང་སྐྱོ་བོ་ཡིན་པའི་བདེན་དཔང་བྱས་ཡོད་པ་རེད།

དེ་བཞིན་རྒྱབ་དཀར་ཡིག་ཆ་དེའི་ནང་“ཆབ་སྲིད་འཛུགས་སྐྲུན་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་”ཞེས་པའི་ཚན་པ་ཞིག་གི་ནང་ཆེད་དུ་རྒྱ་ནག་མི་མང་གིས་གནས་ཚུལ་ཤེས་རྟོགས་དབང་ཆ་དང་སྨྲ་བརྗོད་ཐོབ་ཐང་གི་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། ལྷག་པར་དུ་དྲ་རྒྱའི་བརྒྱུད་ལམ་གྱི་ཕན་ནུས་སོགས་བཤད་ཡོད། རྒྱབ་དཀར་ཡིག་ཆ་དེའི་ནང་འཁོད་དོན། “དྲ་བ་ནི་སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དབང་ཆ་དང་འཛུལ་ཞུགས་ཐོབ་ཐང་། སྨྲ་བརྗོད་རང་དབང་དང་ལྟ་སྐུལ་ཐོབ་ཐང་བཅས་མངོན་འགྱུར་ཡོང་བའི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་པ་མ་ཟད། སྲིད་གཞུང་གིས་དམངས་སེམས་རྒྱུས་ལོན་བྱེད་པའི་ལམ་ཁ་གཙོ་བོ་དེ་ཆགས་ཡོད”ཅེས་དང་།

འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་རྒྱབ་དཀར་ཡིག་ཆ་དེར་གཞིགས་ན། ༢༠༡༢ ལོའི་ལོ་མཇུག་བར་དུ་རྒྱ་ནག་གི་དྲ་རྒྱ་ཝེ་པོ་སྤྱོད་མཁན་གྲངས་དུང་ཕྱུར་༣་༠༩ ཡོད་པ་དང་། རྒྱ་ནག་ཏུ་ཤུགས་རྐྱེན་ཆེས་ཆེ་བའི་དྲ་རྒྱ་བཅུའི་གྲངས་འབོར་བསྡོམས་རྩིས་བྱེད་པ་ལྟར་ན། ཉིན་རེར་དྲ་ཐོག་ཏུ་སྤེལ་བཀོད་བྱས་པའི་གླེང་སྟེགས་ཀྱི་མཆན་ཡིག་དང་གསར་འགྱུར་དཔྱད་བརྗོད་སོགས་ཁྲི་༣༠༠ བརྒལ་བར་ཡོད་ཅིང་། ཝེ་པོ་ཐོག་ཉིན་རེར་བཀོད་སྤེལ་དང་བརྒྱུད་འགོད་བྱེད་པའི་གནས་ཚུལ་གྲངས་དུང་ཕྱུར་༡༢ བརྒལ་ཡོད་ཅེས་བརྗོད་སོགས་བཀོད་ཡོད་འདུག

ཡིན་ནའང་རྒྱ་ནག་ཏུ་ལྟ་ཀློག་དང་བེད་སྤྱོད་མཁན་མང་ཤོས་ཀྱི་དྲ་རྒྱ་ཝེ་པོ་སོགས་ཀྱི་ཐོག་ཏུ་རྒྱབ་དཀར་ཡིག་ཆ་དེའི་སྐོར་དྲ་དམངས་ཀྱི་བསམ་ཚུལ་སྣ་ཚོགས་ཤིག་ཡོང་བཞིན་པ་དང་། ཝེ་པོ་དྲ་ཐོག་གི་དྲ་གྲོགས་འགའ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་དྲ་རྒྱའི་ཐོག་གི་གནས་ཚུལ་བཀོད་སྤེལ་བྱས་པ་ལ་བརྟེན་འཇུ་བཟུང་བཙོན་འཇུག་བྱས་པ་དང་། དྲ་ཐོག་ཏུ་གནས་ཚུལ་བཀག་སྡོམ་བྱས་པ་སོགས་དཔེ་མཚོན་དུ་བགྲངས་ཏེ། “དྲ་བ་ནི་སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དབང་ཆ་དང་འཛུལ་ཞུགས་ཐོབ་ཐང་། སྨྲ་བརྗོད་རང་དབང་དང་ལྟ་སྐུལ་ཐོབ་ཐང་བཅས་མངོན་འགྱུར་ཡོང་བའི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་”ཞེས་པའི་རྒྱབ་དཀར་ཡིག་ཆའི་ནང་དོན་དངོས་ཡོད་དང་མི་མཐུན་པ་དང་ཧ་ཅང་ཡིད་མ་རངས་བའི་རྣམ་འགྱུར་སྟོན་བཞིན་ཡོད་པ་རེད།