སྤུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས།

ཟླ་འདིའི་ཚེས་༡༦ ཉིན་གྱི་དགོང་དྲོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སློབ་མ་དང་འབྲེལ་ཡོད་ཁག་གཅིག་གིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་འབྲས་སྤུངས་སྒོ་མང་ཧར་གདོང་དབའ་ཤུལ་མི་ཚན་གསར་པའི་འདུ་ཁང་ནང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མགྱོག་མྱུར་གློད་གྲོལ་ཡོང་ཆེད་དང་སྐུ་ཚེ་བརྟན་ཆེད་ཞབས་བརྟན་གསོག་སྒྲུབ་ཞུས་ཡོད་པ་རེད།

gomang_wachul1_2013_5_16ཞབས་རིམ་གསོག་སྒྲུབ་བྱེད་སར་དབལ་ཤུལ་མི་ཚན་གྱི་གཙོས་དགའ་ལྡན་དང་འབྲས་སྤུངས་བཅས་ནས་འབྲེལ་ཡོད་གྲྭ་མང་སུམ་བརྒྱ་མ་ཟིན་ཙམ་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པའི་ཛ་དྲག་ཞབས་རིམ་གསོག་སྒྲུབ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་ལ་དགེ་བཤེས་བློ་བཟང་ཡོན་ཏན་ལ་བཅར་འདྲི་བྱས་པར། ཁང་གིས་གསུངས་དོན།  སྤྱིར་བཏང་ལོ་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་འཁྲུངས་སྐར་དང་སྟབས་བསྟུན་ནས་སྐུ་རླུང་བསྒྲེངས་བཙུགས་དང་ཞབས་རིམ་གསོག་སྒྲུབ་དང་། དེ་མ་ཡིན་པའི་སྐབས་དང་དུས་སུ་རིན་པོ་ཆེའི་སྐུ་ཚེ་ལ་བར་ཆད་མེད་ཕྱིར་ཞབས་རིམ་གསོག་སྒྲུབ་སོགས་གང་མང་བསྒྲུབས་བཞིན་ཡོད་ཅེས་གསུངས་སོང་།

དགེ་བཤེས་བློ་བཟང་ཡོན་ཏན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་དམར་གཞུང་གིས་འབར་རྫས་གས་གཏོར་དང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ངན་སྐུལ་བྱས་པ་རེད་ཟེར་བ་སོགས་ཀྱི་འཁྱོག་བཤད་དང་ཉེས་མིང་སྣ་ཚོགས་གཡོགས་ཏེ།  ཕྱི་ལོ་༢༠༠༢་ཟླ་༤་པའི་ཚེས་༧ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་རེད།  སྐབས་དེར་ཁོང་གི་སློབ་མ་བློ་བཟང་དོན་གྲུབ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང་།  རིན་པོ་ཆེ་ལ་ལོ་གཉིས་ཕར་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།  དྲང་བདེན་མ་ཡིན་པའི་ཁྲིམས་ཆད་དེ་ལ་དོ་སྣང་བྱེད་མཁན་མི་ཚང་མ་ཧང་སང་དགོས་པ་དང་། ངོས་ལེན་བྱེད་ཐབས་མེད་པའི་གནས་སྟངས་བྱུང་ཡོད་པ་རེད།  དེར་བརྟེན་རིན་པོ་ཆེའི་གཉེན་ཚན་དང་ཉེ་འབྲེལ་ཁག་གཅིག་གིས་དྲང་བདེན་མིན་པའི་ཁྲིམས་ཆད་དེ་ཁྲིམས་ཁང་གོང་མར་གཏུག་བཤེར་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་པ་མ་ཟད་ཁྲིམས་གཏུག་ཕྱིར་ལོག་བྱས་ཡོད་པ་རེད།

gomang_wachul2_2013_5_16ཡིན་ན་ཡང་དེའི་རྗེས་ཕྱི་ལོ་༢༠༠༥ ཟླ་༠༡ པོའི་ཚེས་༢༤ ཉིན རིན་པོ་ཆེའི་སྲོག་ཁྲིམས་དེ་ཚེ་བཙོན་ལ་ཁ་བསྒྱུར་བྱས་པ་ནས་ད་ལྟའི་དབར་མི་ལོ་༡༡ ཙམ་སོང་ཡོད་པ་རེད།  དེ་ནས་བཟུང་ད་ལྟའི་བར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད།  རིན་པོ་ཆེ་བཙོན་འཇུགས་བྱས་པ་ནས་བཟུང་ཐུག་འཕྲད་ཐེངས་དྲུག་ཙམ་བྱེད་ཐུབ་པ་བྱུང་ཡོད།   སྔ་ལོ་༢༠༡༢་ཟླ་༨་ཚེས་༡༤་ཉིན་རིན་པོ་ཆེ་དང་འབྲེལ་ཡོད་ཞིག་ཆུ་ཚོད་ཕྱེད་ཙམ་གྱི་རིང་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་པ་ཙམ་དུ་མ་ཟད། རིན་པོ་ཆེས་ཕྱག་ཡིག་ཅིག་ཀྱང་གནང་བ་དང་མཉམ་དུ་ཁོང་གིས་དེ་ཁྱེར་ནས་གོང་རིམ་ལས་ཁུངས་ཁག་ཏུ་ཞི་གཏུགས་བྱོས་ཞེས་གསུངས་ཡོད་རུང་། བཙོན་སྲུང་པས་ཡི་གེ་དེ་ཕྲོགས་ཡོད་འདུག  དེ་ནས་བཟུང་ཡི་གེ་དེ་རག་ཐབས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད།  རྩ་བའི་ཐུག་འཕྲད་རིམ་བྱུང་སྐབས་ཁོང་གིས་བཀའ་སློབ་ནང་།  ཁྱེད་རང་ཚོས་གོང་རིམ་ལ་ཞུ་གཏུག་དང་ཁྲིམས་གཏུག་བྱེད་ཐུབ་ན་བྱོས་དང་།   ངས་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བའི་ལས་དོན་ཏིལ་འབྲུ་ཙམ་ཡང་བྱས་མེད། དེ་བཞིན་དངུལ་དངོས་སོགས་ཀྱི་འགྲོ་སོང་གི་དཀའ་ངལ་འཕྲད་ན།  སློང་མོ་སོགས་རྒྱག་དགོས་བྱུང་རུང་ངོ་ཚ་དགོས་པ་གཏན་ནས་མེད་ཅེས་བཀའ་ཕེབས་ཡོད་པ་རེད།  དེར་བརྟེན་རིན་པོ་ཆེའི་དགོངས་དོན་དང་།  ལྷག་པར་དུ་ད་ལྟའི་སྐབས་རྒྱ་གཞུང་གི་འགོ་ཁྲིད་འཕོ་འགྱུར་དང་བསྟུན་ནས་རིན་པོ་ཆེ་གློད་གྲོལ་ཡོང་བར་འབྲེལ་ཡོད་ཙམ་མ་ཡིན་པར། ང་རང་ཚོ་གཞུང་མང་གཉིས་ངོས་ནས་འབད་བརྩོན་མི་དམན་པ་གནང་སྐྱོང་ཡོང་བའི་རེ་བ་ཤུགས་ཆེན་ཞུ་བཞིན་ཡོད།  ད་ལྟའི་སྐབས་ཁོང་དགུང་ལོ་༦༢ ལ་ཕེབས་ཀྱི་ཡོད་པ་མ་ཟད་ཁོང་ལ་སྙིང་གི་ན་ཚ་ཚབས་ཆེན་ཕོག་ནས་གློ་བུར་དུ་ཛ་དྲག་ཆགས་ཀྱི་ཡོད་པ་དང་།  ད་དུང་ཞབས་གཉིས་ཐང་པོ་མེད་པ་ཆགས་ཡོད་པ་སོགས་ཁོང་ལ་སྐུ་ངལ་མང་དག་གཅིག་འཕྲད་བཞིན་ཡོད་འདུག

གནད་དོན་གཞན་ཞིག་ལ་དེ་སྔོན་ཁོང་བཙོན་འཇུག་སྐབས་ས་གནས་མི་མང་སུམ་ཁྲི་བརྒྱད་སྟོང་ལྷག་གིས་ས་རྟགས་བསྡུ་རུབ་བྱས་ནས་རྒྱ་གཞུང་ལ་ཞུ་གཏུགས་བྱས་ཡོད་ཀྱང་བརྡ་ལན་གང་ཡང་གནང་མེད།  ད་ལྟའི་ཆར་ཁོང་ལ་དེ་ལས་མི་མང་ཕོན་ཆེན་གྱི་ཁོང་རེ་སྒུག་བྱེད་བཞིན་ཡོད་པ་དང་མི་མང་གིས་འདོད་པ་ཁེངས་མེད་པ་སོང་ཙང་འཇུག་འབྲས་གང་འདྲ་ཡོང་གི་ཡོད་མེད་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་རེད།།

མོན་གྷོ་གསར་འགོད་པས།