མོན་གྷོ་ཌི་རུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞིས་ཆགས་ཁག་དང་དགོན་པ་ཁག་གིས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།

དེ་ཡང་རང་གཞུང་བཀའ་སྤྱི་ཐུན་མོང་གིས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་གཏན་འབེབས་ཟིན་པའི་ལམ་སྟོན་བཀའ་ཡིག་ཕེབས་དོན་བཞིན། ཟླ་འདིའི་ཚེས་༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་༧།༣༠ ཐོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་ལས་ཁང་གིས་གོ་སྒྲིག་འོག་གཞུང་འབྲེལ་ཐོག་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་གི་གཏན་ས་ཆོས་སྒར་ཁག་དང་གཞིས་གྲོང་བཅས་ནས་བོད་རྒྱལ་ཁབ་བསྟན་སྲིད་མི་རིགས་ཀྱི་རྩ་དོན་ཆེད་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་གྱི་སྐུ་ལུས་མེ་མཆོད་འབུལ་མཁན་རྒྱལ་གཅེས་སེར་སྐྱ་དཔའ་བོ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་སྡེ་ཚན་སོ་སོ་ནས་བོད་སྐྱོང་ལྷ་སྲུང་ལ་འཕྲིན་བསྐུལ་གསོལ་མཆོད་དང་།  གཟུངས་སྔགས་གསོག་སྒྲུབ།  བསྔོ་སྨོན་མཆོད་འབུལ་སོགས་ཆོས་ཕྱོགས་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་ཡོད་པ་རེད།

drepung1_2013_5_17སྐབས་དེར་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་ཉིན་མོ་དང་སྟབས། བོད་ནང་ད་ལྟའི་ཆར་བོད་བསྟན་སྲིད་མི་རིགས་དང་། རང་དབང་གི་དོན་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ཀྱི་གཙོས་བོད་ནང་གི་གཞིས་ལུས་མི་མང་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་རྒྱུའི་མཚོན་དེ་རིང་གཞུང་འབྲེལ་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདི་སྤེལ་གྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་བླ་སྤྱིས་གོ་སྒྲིག་ཐོག་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དགའ་ལྡན་བླ་སྤྱིའི་འདུ་ཁང་ཆེན་མོར་གྲྭ་མང་༣༠༠༠ མ་ཟིན་ཙམ་གྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།

གཞན་ཡང་ཉིན་དེའི་དགོང་མོ་ གདན་ས་ཆེན་པོ་འབྲས་སྤུངས་བླ་སྤྱིས་གོ་སྒྲིག་འོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་གཞི་རྒྱ་ཆེ་བ་ཞིག་འབྲས་སྤུངས་བླ་སྤྱིའི་མདུན་ཐང་དུ་གྲྭ་མང་༤༠༠༠ མ་ཟིན་ཙམ་གྱིས་སྨོན་ལམ་གསུངས་ཡོད་པ་རེད།

geden_2013_5_17ཟླ་འདིའི་ཚེས་༡༧ ཉིན་གྱི་དགོང་མོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་ཧྲིལ་པོ་༡༨ འཁོར་གྱི་ཡོད་པའི་དུས་དྲན་དང་སྟབས། ཞབས་རིམ་གསོག་སྒྲུབ་དང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་བཙོན་ནས་གློད་གྲོལ་ཡོང་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སོང་།

ཚོགས་ཐོག་ཏུ་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་མཉམ་འཛོམས་ཐོག་ཚོགས་གཙོ་མཚམས་གཅོད་ཀྱིས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་དགོས་པའི་བསྒྲགས་གཏམ་ཡིག་ཆ་ཞིག་སྤེལ་ཡོད་པ་དེར་སྒྲོགས་སྦྱང་གནང་རྗེས། ཆུ་ཚོད་གཅིག་ཙམ་གྱི་རིང་སྨོན་ལམ་དང་ཞབས་རིམ་གསོག་སྒྲུབ་གནང་རྗེས་ཉིན་འདིའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་མཇུག་བསྡུས་ཡོད་པ་རེད།།

་མོན་གྷོ་གསར་འགོད་པས།