ལི་ཁེ་ཆང་རྒྱ་གར་དུ་འབྱོར་བར་བོད་མིའི་ངོ་རྒོལ།
ཕྱི་ཟླ་༥ ཚེས་༡༩ ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྒྱ་གར་དུ་འབྱོར་ཡོད་པས། རྒྱ་གར་གཞུང་གིས་ལྡི་ལིའི་བོད་མིའི་ངོ་རྒོལ་ལ་དོགས་ནས། ལྡི་ལི་བོད་སྒར་བསམ་ཡས་གླེང་དང་། མཐོ་རིམ་སློབ་མའི་སྡོད་ཁང་སོགས་ཉེན་རྟོག་པས་སྲུང་ཡོད་པ་རེད།
དུས་རྒྱུན་རྒྱ་ནག་གི་དཔོན་རིགས་ཆེ་ཆེ་ཁག་རྒྱ་གར་དུ་ཡོང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་། ད་ཐེངས་རྒྱ་གར་གཞུང་གིས་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་སྤྲད་མེད་པ་མ་ཟད། ལས་འགུལ་རིགས་ལ་སྔོན་འགོག་བྱེད་ཀྱི་ཡོད་པ་རེད།
བོད་རང་བཙན་ལས་འགུལ་ཚོགས་པའི་གནས་ཚུལ་སྤེལ་བའི་ནང་འཁོད་དོན། རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་འབྱོར་བར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་གར་ནང་གྲགས་ཆེ་བའི་ཀི་རི་ཌ་རྩེད་མོའི་ཐོན་གསར་པའི་གླུ་གཞས་ཀྱི་གདངས་དབྱངས་བེད་སྤྱད་དེ། ཟུར་ཟ་དང་བཞད་གད་ཀྱིས་ཁེངས་བའི་བརྙན་པར་ཞིག་རྒྱལ་སྤྱིའི་བརྙན་པར་དྲ་གནས་་ཡོ་ཀྲོ་བྷི་དང་། རྒྱ་ནག་གི་བརྙན་པར་དྲ་གནས་ཁྱབ་ཆེ་ཤོས་ཡོ་ཁཱོ་གཉིས་ཀྱི་ནང་ཁྱབ་སྤེལ་བྱས་ཡོད་པ་རེད།
བརྙན་པར་དེའི་ནང་ཉེ་ལམ་རྒྱ་ནག་གིས་ལ་དྭགས་ནང་བཙན་འཛུལ་བྱས་པར་སྐྱོན་བརྗོད་དང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་ཀྱང་ཞབས་བྲོའི་ལམ་ནས་གསལ་སྟོན་བྱས་ཡོད། བརྙན་པར་དེའི་ནང་ལས་འགུལ་བ་ཚོས་ལི་ཁིག་ཆིང་གི་གདོང་འབག་གྱོན་པ་དེ་ལ་བཞད་གད་ཀྱི་ངོ་བོ་ལྡན་པ་གང་ཞིག་ལ་འཕྱ་སྨོད་ཀྱི་ནུས་པ་ཤུགས་ཆེར་ལྡན་པས་བོད་པ་དང་རྒྱ་གར་བ་མང་པོ་ཞིག་གིས་དོ་སྣང་བྱེད་འགོ་ཚུགས་ཀྱི་ཡོད་པ་རེད། དེ་ཡང་བརྙན་པར་དེའི་ནང་དུ་བོད་པ་དང་རྒྱ་གར་མི་སེར་གཉིས་ཀས་འཁྲབ་སྟོན་བྱས་པ་དེས་བོད་པ་དང་རྒྱ་གར་བ་གཉིས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་འདུག
“རྒྱ་ནག་གི་བཙན་འཛུལ་དང་གནོན་ཤུགས་འོག་ད་ལྟའི་ཆར་བོད་མི་༡༡༧ ལྷག་གིས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། ད་ཆ་རྒྱ་ནག་གི་ཧམ་སེམས་ཤུགས་ཆེ་རུ་ཕྱིན་ཏེ་རྒྱ་གར་གྱི་ས་མཚམས་བརྒལ་ནས་བྱང་ཕྱོགས་ལ་དྭགས་ཁུལ་དུ་བཙན་འཛུལ་བྱས་པ་དེས། བོད་རྒྱ་གཉིས་དབར་གྱི་གནད་དོན་དེ་ནི་མདོར་དེད་ན་རྒྱ་གར་རྒྱལ་ཁབ་དང་ཁ་འབྲལ་ཐབས་གཏན་ནས་མེད་པའི་ར་སྤྲོད་གསལ་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་གླིང་ཆེན་ཨེ་ཤི་ཡ་ཡོངས་རྫོགས་ལ་དབང་བསྒྱུར་བྱེད་འདོད་པའི་ངན་ཇུས་གསལ་རྗེན་དུ་བསྟན་ཡོད།ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་འགྲེལ་བརྗོད་བྱས་འདུག
ད་དུང་ཁོས་མུ་མཐུད་ནས་“ བོད་ནང་གི་བོད་མི་ཚོའི་ངོས་ནས་སེམས་ཤུགས་ནམ་ཡང་མ་ཆགས་པར་དུས་ད་ལྟའི་དབར་སྙིང་ལ་རུས་པ་བཅུག་ནས་བདེན་དོན་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་བཞིན། ད་ཆ་རྒྱ་གར་གཞུང་ངོས་ནས་རང་ཉིད་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་འདོད་ཚེ། ལི་ཁེ་ཆིང་གི་ཉིན་གསུམ་རིང་གི་རྒྱ་གར་གྱི་གཟིགས་སྐོར་་སྐབས་དང་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་ཚོགས་འདུ་སྐབས་སུ་ཡང་ཉམ་ཆུང་བསྟུན་མཁས་ཀྱི་བྱ་སྤྱོད་སྤངས་ཏེ་རྒྱ་ནག་གཞུང་ལ་གདོང་ལེན་ཀྱི་འཐབ་བྱུས་གསར་པ་བེད་སྤྱོད་གཏོང་དགོས་འདུག་” ཅེས་བརྗོད་སོང་།
དེ་ཡང་ཀི་རི་ཌ་རྩེད་མོའི་མཐའ་མའི་འགྲན་བསྡུར་སླེབས་ལ་ཉེ་བའི་དུས་འདིར། ཟུར་ཟའི་རང་བཞིན་གྱི་བརྙན་པར་འདི་བརྒྱུད་ནས་རྒྱ་གར་གྱི་མི་རབས་གསར་པའི་གཞོན་སྐྱེས་ཚོར་ཡང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེས་རྒྱ་གར་ལ་ཉེན་ཁ་ག་ཚོད་ཅིག་ཡོང་གི་ཡོད་མེད་གོ་རྟོགས་སྤྲོད་རྒྱུ་དང་།བོད་ཀྱི་དཀའ་རྙོག་སེལ་བ་ཡིན་ན། རྒྱ་གར་ལ་དོན་དམ་གྱི་བདེ་འཇགས་དང་ཞི་བདེ་ཡོང་བའི་ངེས་ཤེས་སྐྱེས་སུ་འཇུག་པའི་རེ་ལྟོས་བྱེད་ཀྱི་ཡོད་འདུག
ད་ཆ་ལྡི་ལི་བོད་མིའི་བཞུགས་སྒར་བསམ་ཡས་གླིང་དང་བོད་ཀྱི་མཐོ་རིམ་སློབ་མའི་སྡོད་ཁང་གཉིས་ཀ་ཉེན་རྟོག་མི་སྣས་མཐའ་སྐོར་འདུག་ལ། མཐོ་སློབ་ཀྱི་སློབ་མ་ཚོར་ཆ་མཚོན་ན་ད་ཆ་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་འཁོར་ཡིག་རྒྱུགས་ཀྱི་དུས་སྐབས་ལ་ཁེལ་ཡོད། གཅིག་བྱས་ན་སང་ཉིན་དང་གནང་ཉིན་གཉིས་ཀར་རྒྱ་གར་གཞུང་ངོས་ནས་བོད་མི་ཚོའི་འགྲོ་འདུག་ཡོད་ཚད་ལ་བཀག་སྡོམ་བྱེད་རྒྱུའི་་ཉེན་ཁ་ཆེན་པོ་འདུག
གང་ཡིན་ཞེ་ན་མ་གཞི་ནས་རྒྱ་གར་གཞུང་ངོས་ནས་ལྡི་ལི་ས་གནས་གཞོན་ནུ་ཚོགས་པ་དང་། ས་གནས་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་མཉམ་རུབ་ཐོག་ཚེས་༢༠ ཉིན་ལྡི་ལི་ས་གནས་ཇེན་ཏར་མེན་ཏར་ནང་སྤེལ་འཆར་ཡོད་པའི་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཆོག་མཆན་སྤྲད་ཡོད་ཀྱང་། མདང་དགོང་གློ་བུར་དུ་ཆོག་མཆན་དེ་ཕྱིར་བསྡུ་བྱས་འདུག དེ་ཡང་རྒྱ་ནག་གི་སྲིད་བློན་རྒྱ་གར་ལ་སླེབས་ཀྱི་ཡོད་རུང་བོད་གཞུང་མང་གཉིས་ཀྱི་ངོས་ནས་ངོ་རྒོལ་གང་ཡང་མ་བྱས་པར་བརྟེན། རྒྱ་གར་ནང་ཀློག་གྲངས་ཆེས་མང་ཤོས་ཀྱི་རྒྱ་གར་དུས་བབ་དྲ་ཚིགས་ངོས་སུ་“རྒྱ་ནག་གི་སྲིད་བློན་གྱི་གཟིགས་སྐོར་དང་། ལྷིང་འཇགས་ངང་གནས་པའི་ངྷ་རམ་ས་ལ་” ཞེས་པའི་གནས་ཚུལ་ཞིག་ཀྱང་བཀོད་འདུག
བཞད་གད་དང་འཕྱ་སྨོད་ཀྱི་བརྙན་པར་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྤེལ་འཆར་ཡོད་པའི་ལས་འགུལ་ཁག་གི་ཆ་ཤས་ཙམ་ཡིན་འདུག་ལ། ད་ཆ་ལས་འགུལ་དངོས་གཞི་ཁག་ལ་གྲ་སྒྲིག་དང་འཆར་གཞི་འཐེན་མུས་ཡིན་འདུག