ལི་ཁེ་ཆང་གིས་རྒྱ་གར་དུ་མཚམས་འདྲི་འགོ་འཛུགས།

རྒྱ་དཀར་ནག་གཉིས་བར་གྱི་མཐའ་མཚམས་ཀྱི་རྩོད་རྙོག་ཞི་འཇམ་དུ་སོང་ནས་ཡུན་རིང་མ་སོང་བའི་དུས་སྐབས་འདིར། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་རྒྱ་གར་དུ་འཚམས་འདྲི་འགོ་འཛུགས་གནང་བ་དང་། ཁོང་རྒྱ་ནག་གི་སྲིད་བློན་ཆགས་རྗེས་ཀྱི་ཕྱི་བསྐྱོད་ཐོག་མ་དེ་ཡིན་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ རེས་གཟའ་ཉི་མའི་ཉིན། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འབྱོར་ཡོད་པ་དང་། ཉིན་དེའི་དགོང་མོ་ཙམ་ལ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སན་དང་ལྷན་དུ་མཇལ་འཕྲད་གནང་ཏེ། རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་ཀྱི་རྩོད་རྙོག་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་མཐའ་མཚམས་ཀྱི་དཀའ་རྙོག་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད། མཐའ་མཚམས་ས་ཐིག་གི་སྟངས་འཛིན་ཞི་བདེ་བརྟན་བརླིང་ངང་སྲུང་སྐྱོབ་བྱེད་དགོས་སྐོར་བཤད་ཡོད་པ་རེད། ལི་ཁེ་ཆང་ལྡི་ལི་གསར་པར་འབྱོར་རྗེས་ཡིག་ཐོག་གི་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་། “རྒྱ་གར་ནི་རྒྱ་ནག་གི་ཟླ་གྲོགས་དང་མཛའ་གྲོགས་ཀྱི་རྒྱལ་ཁབ་གལ་ཆེ་ཞིག་ཡིན་ཞིང་། བདག་གི་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་འཛའ་གྲོགས་ཀྱི་འབྲེལ་ལམ་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཐུབ་པའི་རེ་བ་ཡོད”ཅེས་དང་། ལི་ཁེ་ཆང་གིས་མུ་མཐུད་དུ། “རྒྱ་དཀར་ནག་གཉིས་ཀྱི་རང་རང་གི་དཔལ་འབྱོར་ཡར་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་མཉམ་དུ། མི་མང་གི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་འབད་བརྩོན་བྱེད་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་ནུས་པ་ལྡན་པའི་ཁ་གསབ་རོགས་རམ་བྱེད་དེ། ཐུན་མོང་གི་ཡར་རྒྱས་དང་རྒྱལ་ཁ་མངོན་འགྱུར་ཡོང་བ་བྱེད་དགོས་”ཞེས་སོགས་བཤད་ཡོད་འདུག

དེ་བཞིན་རེས་གཟའ་ཟླ་བའི་ཉིན་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོགས་པའི་མཇལ་འཕྲད་གནང་རྒྱུ་དང་། གཟའ་མིག་དམར་ཉིན་ལི་ཁེ་ཆང་རྒྱ་གར་གྱི་གྲོང་ཁྱེར་མམ་བྷེ་རུ་བསྐྱོད་དེ་ཚོང་ལས་ཀྱི་འཚོགས་འདུ་ཞིག་ཏུ་མཉམ་ཞུགས་དང་ལས་འཆར་གཞན་དག་ཁག་སྤེལ་འཆར་ཡོད་པ་རེད།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||