༧གོང་ས་མཆོག་གི་མཛད་འཕྲིན།
༧གོང་ས་མཆོག་ཉིན་འདི་གར་ཨ་རིའི་ལོ་སི་ཨ་ན་མངའ་སྡེའི་གྲོང་ཁྱེར་ནིའུ་ཨོར་ལི་ཡན་སི་ (New Orleans) ནང་རྟེན་གཞི་བྱས་པའི་ཊུ་ལེན་གཙུག་ལག་སློབ་གྲྭར་ཆིབས་བསྒྱུར་གྱིས། གཙུག་ལག་ཁང་དེའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་མི་ཚེའི་ལམ་སྟོན་དང་འབྲེལ་བའི་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་༧གོང་ས་མཆོག་གིས་མེ་ཌི་སན་ཁུལ་གྱི་མཛད་འཆར་ཉིན་མཐའ་མར་ཁུལ་དེའི་ནང་རྟེན་གཞི་བྱས་པའི་རི་དྭགས་ནགས་ཀྱི་སྐྱེད་མོ་ཚལ་ཞེས་པའི་ནང་པའི་བསྟི་གནས་ཁང་ (Deer Park Buddhist Center) དུ། བོད་པའི་སློབ་ཕྲུག་༢༠༠ ཙམ་དང་གཞན་ཡང་རྒྱ་རིགས་གཞོན་སྐྱེས་ཁག་གཅིག་ལ་ཟུར་དུ་དམིགས་བསལ་མཇལ་ཁའི་ཐོག་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་གིས་རྒྱ་རིགས་རྣམས་ལ་གཙོ་བོ་བོད་ནང་དེང་སྐབས་དཀའ་ངལ་འཕྲད་དགོས་དོན་དང། ལྷག་པར་དཔལ་ན་ལེནྡྲའི་ཆོས་བརྒྱུད་ནས་ཆད་པའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་དེ་བོད་རིགས་ཙམ་མ་ཟད། ད་ལྟའི་དུས་ཚོད་འདིར་འཛམ་གླིང་ལ་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་ཡིན་པ། དེ་བཞིན་རིག་གཞུང་འདི་སྲུང་སྐྱོབ་བྱེད་དགོས་རྒྱུ་དེ་བོད་མི་རིགས་ཀྱི་དམིགས་བསལ་ལས་འགན་ཆགས་ཡོད་སྟབས། ང་ཚོས་ལོ་རྒྱུས་ཐོག་ཡོད་པའི་ཐོབ་ཐང་རང་བཙན་མ་རྩོད་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་བཞིན་པའི་སྔ་རྗེས་ཀྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་མཛད་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གནས་སྟངས་དང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཕོག་ཚེ་འདིས་བོད་ཙམ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་ཁྱོན་ཡོངས་ལ་དེའི་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་མེ་ཌི་སན་དང་ཆི་ཁ་གོ་བཅས་ནས་རྒྱ་རིགས་སློབ་ཕྲུག་དང་སློབ་དཔོན་ཆེན་མོ། དེ་བཞིན་ཤེས་ཡོན་ཅན་བཅས་ཁྱོན་མི་གྲངས་ ༨༠ བརྒལ་བ་ཆེད་བཅར་ཞུས་ཡོད་འདུག
དེ་བཞིན་ཕྱི་ཚེས་༡༨ ཉིན་༧གོང་ས་མཆོག་གིས་ཨ་རིའི་ལོ་སི་ཨ་ན་མངའ་སྡེའི་གྲོང་ཁྱེར་ནིའུ་ཨོར་ལི་ཡན་སི་ (New Orleans) ནང་རྟེན་གཞི་བྱས་པའི། ཊུ་ལེན་ (Tulane) གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་གསུམ་སྟོང་བརྒལ་བར་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་སྐོར་གྱི་བཀའ་སློབ་གནང་དོན། མི་ཚང་མས་མི་ཚེ་སྐྱིད་པོ་ཞིག་ཡོང་བ་དང། ནང་མི་དང་སྤྱི་ཚོགས་སྐྱིད་པོ་འདོད་མཁན་ཡིན་རུང། དོན་དམ་པའི་དགའ་པོ་དང་སྐྱིད་པོ་དེ་ང་ཚོའི་སེམས་ཚོར་ལ་བརྟེན་ནས་ཡོང་གི་ཡོད་པ་ལས་དངུལ་ཡོད་མེད་ལ་རག་ལུས་མེད། དེར་བརྟེན་ཁྱེད་རང་ཚོ་གཞོན་སྐྱེས་རྣམས་ནས་ནང་སེམས་དང་བཟང་སྤྱོད་སོགས་ལ་དོ་སྣང་མང་ཙམ་བྱེད་དགོས་པ་དང། གལ་ཏེ་དེ་ལྟར་བྱས་ཚེ་རང་གི་སྦྱོང་བརྡར་བྱས་པའི་ཤེས་ཡོན་རྣམས་དོན་ཕན་ལྡན་པ་ ཞིག་ཡོང་གི་རེད་ཅེས་དང་།
ཡང་༧ གོང་ས་མཆོག་གིས་མཐར་ཕྱིན་སློབ་མ་ཚོར་རང་གི་མི་ཚེ་དངོས་གཞི་དེ་འགོ་འཛུགས་བྱེད་ཀྱི་ཡོད་པས། མི་ཚེ་འདིར་གཅིག་བྱས་ན་རྙོག་གྲ་ཚ་པོ་དང་དཀའ་ངལ་ཡང་མང་བ་ཡོང་སྲིད་པར་བརྟེན། དཀའ་ངལ་འཕྲད་སྐབས་སེམས་ཤུགས་མ་ཆག་པར་རང་གིས་རང་ལ་ཡིད་ཆེས་བྱེད་དགོས་པ་དང། ཕུག་རྒྱང་རིང་པོར་རེ་བ་བཟང་པོ་ཡོད་པ་དེ་ངེས་པར་དུ་བདག་སྲུང་དགོས་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ནས་རང་དོན་ཁོ་ནར་མ་བསམ་པར་གནམ་གཤིས་འགྱུར་ལྡོག་དང། མཁའ་རླུང་སྦག་རྩོག་སོགས་རྒྱལ་སྤྱིའི་དཀའ་རྙོག་སོགས་སེལ་ཐབས་བྱེད་དགོས་པ་དང། ང་ཚོས་རེ་བ་ཆེན་པོ་བྱེད་ས་དེ་ཁྱེད་རང་ཚོ་ཡིན་སྟབས། ཁྱེད་རྣམས་ཀྱི་དུས་རབས་༢༡ པ་དེ་ཞི་བདེའི་དུས་རབས་དང་དགའ་ཞིང་སྐྱིད་པའི་དུས་རབས་ཇི་ལྟར་བཟོ་དགོས་མིན་ལ་བསམ་བློ་ནན་པོ་གཏོང་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།
ཕྱི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཀན་ཊ་ཀི་Kentucky ཡི་ལུ་ཝི་ལི་གྲོང་ཁྱེར་ནང་གི་ཡམ་ (Yum Center) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། མང་ཚོགས་ལ་ཆོས་ལུགས་འདྲ་མིན་ཕན་ཚུན་བར་གོ་རྟོགས་སྤེལ་རེས་གནང་སྟེ་ཕན་ཚུལ་ལ་གུས་བརྩི་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད་འདུག་ལ། ཕྱི་ཚེས་༢༠ ཉིན་གོང་ཞུས་ཚོགས་ཁང་དེའི་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་དང་། ཕྱི་ཚེས་ ༢༡ ཉིན་(Kentucky Center for the Arts) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་སློབ་ཕྲུག་ཚོར་བཀའ་སློབ་གནང་ཡོད་པ་རེད།