གསང་བའི་ཡིག་ཆས་ཞི་ཅིན་ཕིན་གྱི་མཁྲེགས་འཛིན་སྲིད་ཇུས་གསལ་སྟོན་བྱས་འདུག

ཡིག་སྒྱུར་བ།  བསྟན་འཛིན་སྒྲོལ་མ།

དབྱིན་ཇིའི་གཟའ་ཉི་མའི་དུས་བབ་ཀྱི་རྩོམ་ཡིག་ཅིག་གི་ནང་།  ཤར་ཨེ་ཤེ་ཡའི་གསར་འགོད་པ་མེ་ཁིལ་ཞི་རེཌན་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་གསང་བའི་ཡིག་ཆ་ཞིག་གི་ནང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ལ་འཛུམ་མདངས་དང་འཆམ་མཐུན་གྱི་རྣམ་འགྱུར་ཡོད་རུང་།

དོན་དངོས་ཐོག་ཁོ་ནི་རང་ཤེད་ཅན་ཞིག་དང་གཞན་དབང་སྟབས་བསྟུན་མི་བྱེད་མཁན་གྱི་ལྕགས་ཀྱི་གཟེར་མ་ཐོགས་པའི་སྲིད་དབང་སྒེར་འཛིན་རིང་ལུགས་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་ཅེས་བརྗོད་པའི་གནས་ཚུལ་འཁོད་འདུག

 

རྩོམ་ཡིག་དེའི་ནང་དོན་ལྟར་ན།  མཁྲེགས་བཟུང་གི་རྣམ་པ་གསལ་བའི་རྒྱ་ནག་ནང་ཁུལ་གྱི་ཡིག་ཆ་དེས་ཐེངས་དང་པོར་ཞི་ཅིན་ཕེན་གྱིས་སྣེ་ཁྲིད་པའི་ད་ལྟའི་སྲིད་གཞུང་ངོས་ནས།  ཕྱི་ཕྱོགས་ཀྱི་རང་དབང་ཕྱོགས་ཁག་གིས་རྒྱ་ནག་ལ་ཐེབས་བཞིན་པའི་ཤུགས་རྐྱེན་ལ་མཁྲེགས་བཟུང་གི་ལངས་ཕྱོགས་བེད་སྤྱད་དེ་གདོང་ལེན་བྱེད་རྒྱུ་ཡིན་པའི་ར་སྤྲོད་བྱས་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོའི་ངོས་ནས་བློ་སྤོབས་ཆེན་པོའི་ངང་ནས་དཔལ་འབྱོར་གྱི་ལམ་ལུགས་བསྒྱུར་བཅོས་དགོས་ཚུལ་བརྗོད་ཀྱི་ཡོད་རུང་།  ཡིག་ཆ་དེས་ཕྱི་ཕྱོགས་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཐད་རེ་ལྟོས་བྱེད་མཁན་ཚོའི་རྨོངས་འཆར་ཡོད་ཚད་གཏོར་བཅོམ་བཏང་ཡོད།

གསང་བའི་ཡིག་ཆ་དེའི་ནང་རྒྱ་ནག་གི་གཞུང་ཞབས་པ་ཚོས་ནུབ་ཕྱོགས་ཀྱི་བསམ་བློ་དང་གཞུང་ལུགས་ཁག་གི་རྒྱ་ནག་ལ་ཐེབས་སྲིད་པའི་ཉེན་ཁའི་ཐད་ལ་རྒྱུས་ལོན་གཏིང་ཟབ་དགོས་རྒྱུ་དང་།  རྒྱ་ནག་རྒྱལ་ཁབ་ཀྱིས་ངེས་པར་དུ་དཔལ་འབྱོར་ཡར་རྒྱས་དང་གོང་འཕེལ་བཏང་ནས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་དོ་ཟླ་འགྲན་དགོས་པ་ནན་བརྗོད་བྱས་འདུག  དམར་པོའི་སྲིད་གཞུང་(ཏང་)་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཐད་བློ་བརྟན་འགྱུར་མེད་ཐོག་འཐབ་ཇུས་དང་ལྡན་པའི་སྒོ་ནས་ནུབ་ཕྱོགས་རང་དབང་ཤོག་ཁག་དང་འགལ་ཟླའི་བསམ་བློ་ཅན་གྱི་ཕྱོགས་འགལ་བ་ཚོ་ཕམ་ཉེས་དང་རྩ་མེད་གཏོང་དགོས་ཞེས་འཁོད་འདུག

རྩོམ་ཡིག་དེའི་ནང་དབྱེ་ཞིབ་བྱས་ནས་བརྗོད་དོན།  འདས་པའི་ཟླ་ཁ་ཤས་ནང་གི་པེ་ཅིན་དང་ཝ་ཤིན་ཊོན་གྱི་ཚོད་དཔག་ཡོད་ཚད་འདི་ནས་མཇུག་བསྒྲིལ་རྒྱུ་རེད་ཟེར།  གང་ཡིན་ཞེ་ན།  གསང་བའི་ཡིག་ཆ་དེས་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་།  རྒྱ་ནག་སྲིད་གཞུང་།  རྒྱ་ནག་དམག་དཔུང་བཅས་ཀྱི་བདག་པོ་ཞི་ཅིན་ཕིན་ནི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་གཏོང་མཁན་ཞིག་རྩ་བ་ནས་མིན་པའི་ཁུངས་སྐྱེལ་ར་སྤྲོདགསལ་བོ་བྱས་ཡོད། ཅེས་འཁོད་འདུག

གཅིག་རྗེས་གཉིས་མཐུད་ཀྱི་ལས་འགུལ།

རྩོམ་ཡིག་དེའི་ནང་་གསལ་དོན།  ཕྱི་འབྲེལ་སྲིད་དོན་མི་སྣ་ཁག་གི་བརྗོད་པ་ལྟར་ན།  གསང་བའི་ཡིག་ཆ་དེའི་ནང་ལོ་སྔོན་མར་དབྱིན་ཇིའི་སྲིད་བློན་ཌེ་བེ་ཌི་ཁཱད་མི་རོན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱས་པ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཅི་ཕྱིར་དབྱིན་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད། རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མཐོ་རིམ་མི་སྣའི་མཇལ་འཕྲད་ཁག་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ཁག་འགྲེལ་བརྗོད་བྱས་ཡོད་འདུག་ལ།   པེ་ཅིན་གཞུང་གིས་མངོན་སུམ་འཛེམས་མེད་ཀྱིས་ཐོག་ནས་གལ་ཏེ་དབྱིན་གཞུང་གི་ངོས་ནས་དགོངས་སེལ་མ་ཞུས་ཚེ་རྒྱ་ནག་གིས་དབྱིན་ཡུལ་ལ་གཏོང་བཞིན་བའི་ཚོང་ལས་ཀྱི་མ་རྩ་ཁག་མཚམས་འཇོག་བྱེད་རྒྱུ་ཡིན་པའི་སྡིགས་ར་ཡང་བསྐུལ་འདུག་པའི་གནས་ཚུལ་འཁོད་འདུག

རྩོམ་ཡིག་དེའི་ནང་ད་དུང་དབྱིན་གཞུང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་ནས་བརྗོད་དོན།  དབྱིན་གཞུང་གིས་རྒྱ་ནག་གཞུང་ལ་གཏན་ནས་དགོངས་སེལ་ཞུས་མི་སྲིད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཉེ་ལམ་ཡང་བསྐྱར་ཨིན་ཡུལ་བྱང་མ་ལ་ཕྱོགས་བསྐྱོད་བྱས་ཡོད།  ཡིན་ཡང་དབྱིན་རྒྱ་གཞུང་གཉིས་དབར་གྱི་ཚོང་འབྲེལ་རིམ་བཞིན་གོང་འཕེལ་དང་ཡར་རྒྱས་འགྲོ་ཡི་ཡོད་ཚུལ་འཁོད་འདུག

རྩོམ་ཡིག་དེའི་ནང་མཁྲེགས་བཟུང་གི་རྣམ་པ་གསལ་བའི་ཡིག་ཆ་དེ་ཕྱི་ལ་མ་བཏོན་སྔོན་གྱི་རྒྱ་ནག་ནང་གི་འགྱུར་འགྲོས་ཀྱི་ཁ་ཕྱོགས་སོགས་རེ་རེ་བཞིན་བསྐྱར་ཞིབ་བྱས་འདུག་པ།  དང་པོ།  རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་ཏུ་“གླེང་མི་ཆོག་པ་བདུན་”གྱི་བཀའ་རྒྱ་ཕབ་འདུག་ལ། དེ་དག་ནི་གཏམ་གླེང་གི་བརྗོད་གཞི་ནང་

༡༽འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་དང་།

༢༽ནུབ་ཕྱོགས་ཀྱི་གསར་འགོད་རང་དབང་གི་ལྟ་ཚུལ།

༣༽  སྤྱི་མང་གི་ཚོགས་སྡེ།

༤༽  སྤྱི་མང་གི་ཐོབ་དབང་།

༥༽  རྒྱ་ནག་ལོ་རྒྱུས་སྟེང་གི་ནོར་འཁྲུལ།

༦༽ ཉེ་དགའ་ཕྱོགས་ལྷུང་གི་འབྲེལ་བ།

༧༽རང་དབང་ལྡན་པའི་ཁྲིམས་ཞིབ་ལྷན་ཁང་སོགས་ཡིན་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་གསར་འགྱུར་ལས་ཁུངས་ཁག་ལ་ནུབ་ཕྱོགས་ཀྱི་གསར་འགྱུར་ཡོངས་ཁུངས་གཞི་བཅོལ་ནས་གནས་ཚུལ་སོགས་བཀོད་མི་ཆོག་པའི་ལམ་སྟོན་བྱས་ཡོད་ལ། གལ་ཏེ་གསར་འགོད་པ་གང་རུང་གིས་དེ་ལྟར་བྱས་ཚེ་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་ཡང་བཏང་འདུག  རྒྱ་ནག་གི་ཀྲུང་དབྱང་བརྙན་འཕྲིན་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྩོམ་སྒྲིག་ལས་རིགས་མི་སྣ་ཁག་གིས་བདུན་ཕྲག་སྔོན་མར་ཞི་ཅིན་ཕིན་གྱི་ “རྒྱ་ནག་གི་ཕུགས་བསམ”་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་པའི་ཁས་ལེན་དམ་བཅའ་ཞུས་འདུག

རྒྱ་ནག་༼ཉིན་རེའི་ཚགས་པར༽་གྱིས་དྲ་ཐོག་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པར།  རྒྱ་ནག་མི་མང་ངོས་ནས་དམར་པོའི་སྲིད་གཞུང་གི་སྣེ་ཁྲིད་འོག་རྒྱ་ནག་གི་ཕུགས་བསམ་ཟེར་བ་མངོན་འགྱུར་བྱེད་པར་རེ་བ་མེད་པའི་བསམ་ཚུལ་ཤུགས་ཆེར་ཐོན་ཡོང་དུས།  ཧ་ཅང་ཡ་ང་བའི་མི་མང་གི་ཕྱོགས་བསྡུས་ཀྱི་བསམ་ཚུལ་དེ་རྒྱ་ནག་སྲིད་གཞུང་གིས་དེ་མ་ཐག་དྲ་ཐོག་ནས་རྩ་མེད་བཏང་འདུག

རྩོམ་ཡིག་དེའི་ནང་ད་དུང་རྒྱ་ནག་དམར་ཕྱོགས་ནང་ཁུལ་དུ་འདོན་སྤེལ་བྱེད་བཞིན་པའི་དུས་དེབ་༼ཏང་འཛུགས་སྐྲུན༽་ནང་ནུབ་ཕྱོགས་ཀྱི་དྲག་དམག་རུ་དཔུང་གིས་རྒྱ་ནག་མཐའ་བསྐོར་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། ༼ དར་དམར་༽ཞེས་པའི་དུས་དེབ་ནང་ཇི་ལྟར་དྲ་རྒྱ་དམ་དྲག་ཤུགས་ཆེན་པོ་བཟོ་དགོས་མིན་སོགས་ཞིབ་ཏུ་འགྲེལ་བཤད་བྱས་འདུག

ཕྱི་ནང་གི་འགལ་འདུ།

གཟའ་ཉི་མའི་དུས་བབ་ཀྱི་རྩོམ་ཡིག་ནང་གསལ་དོན། རྒྱ་ནག་གི་གནད་དོན་ཞིབ་འཇུག་དང་དབྱེ་ཞིབ་མི་སྣ་ཁག་གི་འདས་པའི་ཟླ་བ་ཁ་ཤས་ནང་གསེད་གྲོལ་བྱེད་འདོད་པའི་དྲི་བ་སྟེ།  ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་སྲིད་གཞུང་གིས་འབྱུང་འགྱུར་རྒྱ་ནག་རྒྱལ་ཁབ་དེ་སྔར་ལས་ལྷག་པའི་བཅོས་སྒྱུར་དང་གུ་ཡངས་ཀྱི་ལམ་ཁ་ལ་ཁྲིད་ཀྱི་རེད་དམ་མ་རེད་ཟེར་བ་དེ་ལ་ད་ཆ་དྲིས་ལན་གསལ་བོ་ཞིག་རག་ཡོད།

རྩོམ་ཡིག་དེའི་ཞོལ་དུ་གསལ་བཤད་བྱས་དོན།  ཡིག་ཆ་དེའི་དངོས་ཡོད་རང་བཞིན་ལ་བལྟས་ན་གནད་དོན་ཆེར་མི་འདུག་སྟེ། ཡིག་ཆའི་མཚན་བྱང་ལ་༼༢༠༡༣ ལོའི་རྒྱལ་ཡོངས་དྲིལ་་བསྒྲགས་འགན་འཛིན་ཚོགས་འདུའི་ད་ལྟའི་ལྟ་གྲུབ་གནས་བབ་སྐོར་གྱི་གནད་བསྡུས་ཟིན་ཐོ།༽ཞེས་བཏགས་འདུག་ལ།  གསང་བའི་ཡིག་ཆ་དེ་རྒྱ་ནག་གི་ས་གནས་སྲིད་གཞུང་མང་པོའི་འགོ་ཁྲིད་ཚན་ཁག་དང་དམག་དཔོན་ཁག་གི་ཁྲོད་དུ་འགྲེམས་སྤེལ་བྱས་ཡོད་འདུག་ལ།  ཞིང་ཆེན་ཁག་གསུམ་དང་ཧོང་ཀོང་གི་གསར་ཤོག་ཅིག་ཏུ་རྒྱ་ནག་གི་འགོ་ཁྲིད་དང་ལས་བྱེད་མི་སྣས་ཡིག་ཆ་དེའི་ནང་དོན་ལ་ཞིབ་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་འཁོད་འདུག་ཟེར།

རྩོམ་ཡིག་ནང་ད་དུང་འཁོད་དོན། རྒྱ་ནག་གི་དྲ་ལམ་ཟིན་བྲིས་སྤེལ་མཁན་ཞིག་གིས་དེ་ནི་རྒྱ་ནག་ཕྱིར་ནུར་དང་ཉམས་ཆག་འགྲོ་ཡི་ཡོད་པའི་རྣམ་པ་གསལ་སྟོན་བྱས་འདུག་ཅེས་བྲིས་འདུག་ལ།  ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་དེ་ནི་ཞི་ཅིན་ཕིན་གྱི་གཞུང་ལུགས་ལ་འགྲེལ་བཤད་དང་སྡོམ་ཚིག་བཀོད་པར་ངོས་འཛིན་བྱས་འདུག  འོན་ཀྱང་ཡིག་ཆའི་ནང་དོན་གསང་བའི་ངོ་བོའི་ཐོག་འདོན་སྤེལ་བྱས་པ་དེས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཚོར་ཞི་འཇགས་ཀྱི་སེམས་ཚོར་མེད་པ་མངོན་གསལ་དོད་པོ་ཆགས་འདུག་ལ།  རྒྱ་ནག་དམར་ཕྱོགས་ཚོགས་པ་ཡང་བསྐྱར་གོ་མིན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་སྐབས་ཀྱི་ཆེས་ལྐོག་གྱུར་དང་གསང་བའི་སྒོ་ནས་ལས་འགུལ་རྩོམ་པའི་ཚོགས་པ་དེར་གྱུར་འདུག་ཟེར།

རྩོམ་ཡིག་དེའི་ནང་མཐའ་དོན་རྒྱ་ནག་གི་མཁྲེགས་འཛིན་གྱི་ལྟ་བའི་ཁ་ཕྱོགས་དང་རྒྱལ་སྤྱིའི་འབྲེལ་ལམ་དབར་གྱི་རྙོག་འཛིང་གི་འབྲེལ་བའི་ཐད་དབྱེ་ཞིབ་བྱས་འདུག

རྩོམ་ཡིག་ནང་ད་དུང་རྒྱ་ནག་དང་རྒྱ་གར།  ཉི་ཧོང་སོགས་ཤར་ལྷོ་ཨེ་ཤེ་ཡ་རྒྱལ་ཁབ་ཁག་གི་མངའ་ཁོངས་ཀྱི་རྩོད་རྙོག་སྐོར་གླེང་འདུག་པ་མ་ཟད།  རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པའི་སྐད་ཆ་“རྒྱ་ནག་རྒྱལ་ཁབ་འདིས་ལོ་ངོ་ཉིས་བརྒྱའི་རིང་གི་ནུབ་ཕྱོགས་པའི་བཙན་དབང་འོག་བརྙས་བཅོས་དང་གཉའ་གནོན་མྱངས་པའི་ལོ་ཟླ་མཇུག་བསྒྲིལ་མཐར།  ད་ཆ་རང་ཉིད་ཀྱི་ཐོབ་དབང་དམ་སྲུང་ཐོག  དཀའ་ངལ་ཡོད་ཚད་ལ་གདོང་ལེན་བྱས་ཏེ་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་གནས་ཟིན་པར་འབད་བརྩོན་བྱེད་རྒྱུ་”ཟེར་བའི་སྐད་ཆ་ལུང་འདྲེན་གནང་འདུག  རྩོམ་པ་པོས་དེ་ནི་དོན་དངོས་ཐོག་རྒྱ་ནག་གི་ཆབ་སྲིད་ཀྱི་ལྟ་བའི་ཁ་ཕྱོགས་དང་འབྲེལ་བའི་ཡིག་ཆའི་ནང་གི་ཡ་མཚན་གྱི་བརྗོད་ཚིག་དང་རྒྱལ་སྤྱིའི་གར་སྟེགས་སྟེང་རྒྱ་ནག་གིས་རྩོམ་བཞིན་པའི་བྱ་འགུལ་གཉིས་དབར་གྱི་རྙོག་འཛིང་རང་བཞིན་གྱི་འབྲེལ་བ་དང་འགལ་ཟླ་གསལ་སྟོན་བྱས་འདུག་ཟེར།

མ་རྩོམ།  http://www.bbc.co.uk/zhongwen/simp/press_review/2013/05/130519_press_memo_xi.shtml