རྒྱ་ནག་ཏུ་སྨྱོན་པ་ཞིག་གིས་མི་བརྒྱད་ལ་གྲིས་བརྒྱབ་པའི་དོན་རྐྱེན།
ཞི་ཧྭ་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་དགོང་མོ་ས་གནས་དེའི་ཆུ་ཚོད་༡༧ ཡས་མས་ཤིག་ལ། རྒྱ་ནག་ཀཱང་ཏུང་མའོ་མིའུ་ཞེས་པའི་ས་གནས་ཀྱི་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ་ཡིན་པའི་སློབ་ཕྲུག་༦ དང་སློབ་ཕྲུག་བུ་མོ་ཞིག་གི་ཁྱིམ་བདག་གཅིག་བཅས་ཁྱོན་མི་༧ ལ། རུས་མིང་ལེའོ་ཡིན་པའི་ས་གནས་ཀྱི་སྐྱེས་པ་སེམས་པ་ཐང་པོ་མེད་པ་ཞིག་གིས་སློབ་གྲྭའི་ལམ་བར་དུ་གྲིས་བརྒྱབ་པའི་དོན་རྐྱེན་བྱུང་ཡོད་འདུག
ད་ལྟའི་ཆར་སློབ་ཕྲུག་བུ་མོ་༤ དང་བུ་༢ རུས་མིང་ཀོང་ཅན་གྱི་ཁྱིམ་བདག་བཅས་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ་དང་། སློབ་ཕྲུག་བུ་གཅིག་ཕུད་པའི་གཞན་དྲུག་པོའི་རྨས་སྐྱོན་དེ་ཙམ་ཛ་དྲག་མེད་པ་རེད།
དོན་རྐྱེན་དེ་བྱུང་ནས་ཆུ་ཚོད་༡༠ ཕྱིན་པའི་རྗེས་ཀྱི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོར། ས་གནས་ཉེན་རྟོག་པས་སློབ་ཆུང་དེའི་ཉེ་འཁོར་གྱི་ཤིང་ནགས་གསེབ་ནས་ཉེས་ཅན་པ་འཇུ་བཟུང་ཐུབ་ཡོད་པ་མ་ཟད། ཁོང་གིས་བཀོལ་བའི་གྲི་ཡང་རྙེད་སོན་བྱུང་ཡོད་འདུག
ཉེ་བའི་ལོ་ཤས་རིང་རྒྱ་ནག་ཏུ་སློབ་མར་དྲག་སྤྱོད་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་བྱུང་ཡོད་པ་དང་། དེའི་ཁྲོད་ཀྱི་ཉེས་ཅན་པ་མང་པོ་ཞིག་སེམས་པ་ཐང་པོ་མེད་པར་ངོས་འཛིན་བྱས་ཡོད་འདུག མི་ཁ་ཤས་ཀྱིས་དེ་ནི་རྒྱ་ནག་གིས་སེམས་ཁམས་མི་ཐང་བའི་ནད་པར་ལྟ་རྟོག་དང་སྨན་བཅོས་ཡག་པོ་མེད་པའི་སྐྱོན་བརྗོད་བྱེད་བཞིན་པ་དང་། རྒྱུན་མ་ཆད་པར་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པའི་དཔལ་འབྱོར་འགྲན་རྩོད་ཀྱི་གནོན་ཤུགས་སོགས་ཀྱིས་བྱུང་བ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་༢༠༡༢ ལོར་རྒྱ་ནག་ཧུ་ནེའི་གྲོང་གསེབ་ཅིག་ཏུ་སློབ་ཆུང་སློབ་མར་སེམས་པ་ཐང་པོ་མེད་པའི་སྐྱེས་པ་ཞིག་གིས་གྲིས་བརྒྱབ་པའི་དོན་རྐྱེན་བྱུང་ཏེ། སློབ་ཕྲུག་༢༣ དང་ལོ་ན་༨༠ ཟིན་པའི་རྒས་ཁོག་གཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།།