བོད་མི་ཡོངས་ལ་གསོལ་འདེབས་རེ་སྐུལ།

འཇིགས་བྲལ་བསྟན་འཛིན།

སྔོན་གླེང་།
དེང་སྐབས་བོད་དོན་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་སྤྱི་ཚོགས་ནང་དབུ་མ་དང་རང་བཙན་གྱི་ཐད་རྣོ་ངར་ལྡན་པའི་བགྲོ་གླེང་སླེབས་ཀྱི་ཡོད་པ་རེད། དེར་བརྟེན་བོད་ཀྱི་གནད་དོན་འདིའི་སྐོར་ལ་གུས་པས་དེ་སྔ་གང་ཞུས་པ་དང་། ད་ལན་གསར་དུ་གང་ཞུ་འདོད་པ།  མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐད་བསམ་ཚུལ་དོན་བསྡུས་ཁ་གསལ་ཞིག་བོད་མི་ཡོངས་ལ་གསོལ་འདེབས་ཀྱི་ལམ་ནས་རེ་སྐུལ་ཞུ་བཞིན་ཡོད།

བོད་མིའི་ཞི་རྒོལ།

ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གུས་པས་རྡ་ས་ནས་རིན་མེད་འགྲེམས་སྤེལ་ཞུས་པའི་༼བོད་ཀྱི་དྲི་ལན་༽དུ།  འབྱུང་འགྱུར་གྱི་དུས་ཡུན་ནང་ཧ་ཅང་ཛ་དྲག་གི་རང་བཞིན་ལྡན་པའི་འཚེ་མེད་ཞི་བའི་འཐབ་རྩོད་བོད་ནང་ནས་འབྱུང་རྒྱུ་ཡིན་པ་དང་།  དེ་སྐབས་ང་ཚོ་བཙན་བྱོལ་བོད་མི་ཚོ་གྲ་སྒྲིག་སྔ་ས་ནས་ཡོད་དགོས་པའི་བསམ་ཚུལ་གསལ་པོ་ཞུས་ཡོད། རྗེས་སུ་བོད་དུ་ཞི་རྒོལ་རིམ་པར་བྱུང་སྐབས་ང་ཚོས་གྲ་སྒྲིག་འཐུས་ཚང་ག་ཚོད་བྱུང་ཡོད་མེད་ཞུ་མི་དགོས་ལ། བཙན་བྱོལ་དུ་བོད་དོན་ལས་འགུལ་ཁག་ཅིག་འགོག་ཐབས་བསྟེན་པའི་གནས་སྟངས་ཡང་བྱུང་ཡོད་པའི་དབང་གིས་མི་མང་ལས་འགུལ་ནང་ཞུགས་རྒྱུར་དཀའ་ངལ་རིམ་པར་བྱུང་ཡོད།  དེ་བཞིན་བོད་དུ་ ༢༠༠༨ ལོ་ནས་རིམ་པར་ལྷགས་པའི་ངོ་རྒོལ་སྐད་འབོད་དང་རང་ལུས་མེར་བསྲེག་གི་དོན་རྐྱེན་གྱི་འབོད་ཚིག་གི་ནང་དོན་ཁག་དབུ་མ་དང་རང་བཙན་གྱི་ཕྱོགས་གང་རུང་དུ་འཐེན་པ་སོགས་ཀྱི་དབང་གིས་གཞིས་ལུས་བོད་མིའི་འབོད་སྒྲ་ཇི་བཞིན་འཛམ་གླིང་ཐོག་ཁྱབ་སྤེལ་གྱི་ལས་དོན་འཐུས་ཚང་བྱུང་ཡོད་མེད་ལ་དོ་སྣང་བྱེད་དགོས་པ་ཆགས་ཡོད།  བྱུང་རིམ་འདི་ནི་ད་ལྟ་དབུ་མ་དང་རང་བཙན་གྱི་རྩོད་གླེང་ཡོང་རྒྱུའི་རྒྱུ་རྐྱེན་ཅིག་ཆགས་ཡོད་པས།  མ་འོངས་པར་ཡང་བོད་ནས་ལས་འགུལ་མུ་མཐུད་བྱུང་སྐབས་བོད་ནང་གི་གནས་ཚུལ་གང་རག་པ་དེ་གནས་ཚུལ་སྤྲོད་མཁན་དང་སྤེལ་མཁན་ཚང་མས་དྲང་པོའི་ཐོག་ནས་ཁྱབ་སྤེལ་བྱེད་དགོས་པ་ལས་ཆབ་སྲིད་ལངས་ཕྱོགས་གང་རུང་གི་ཆེད་དུ་བེད་སྤྱོད་མི་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་སེམས།

བོད་གཞུང་གི་མཚན་བྱང་བཅོས་བསྒྱུར།

གུས་པས་ ༢༠༡༠/༠༧ ནང་སྤྱི་ཚོགས་ཐོག་ཁྱབ་སྤེལ་ཞུས་པའི་༼བོད་ཀྱི་ཁྲིམས་མཐུན་བདག་དབང་གླེང་བ་༽ ཅེས་པའི་རྩོམ་ཡིག་ཏུ།  བཙན་བྱོལ་བོད་གཞུང་ཞེས་བརྗོད་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བེད་སྤྱོད་ཤུགས་ཆེ་བཏང་ཡོད་པ་དང་།  ཧ་ཅང་གལ་གནད་ཆེ་བའི་འགྱུར་བ་འདི་དག་ཚིག་རེ་གཉིས་ཀྱི་ལམ་ནས་བཅོས་བསྒྱུར་གཏོང་གི་ཡོད་སྐོར་ཞུས་ཡོད་པ་མ་ཟད། འབྱུང་རྐྱེན་དེ་༢༠༠༨/༡༠ ནང་རྒྱ་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་བཅས་ཀྱི་འབྲུ་དོན་ཁག་ཅིག་ལ་ཐུག་གི་ཡོད་སྐོར་ཡང་གསལ་པོ་ཞུས་ཡོད། གང་ལྟར་དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་དངོས་སུ་༼བཙན་བྱོལ་བོད་གཞུང་༽གི་མཚན་བྱང་དེ་༼བོད་མིའི་སྒྲིག་འཛུགས་༽སུ་བཅོས་བསྒྱུར་བྱས་པའི་འགྱུར་བ་འདི་དག་བྱུང་ཡོད་ལ།  བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་བསྒྱུར་འདི་བོད་ཀྱི་བདག་དབང་གི་གནད་དོན་ཞིག་ཏུ་ངོས་བཟུང་བའི་ཐོག་ནས་དབུ་མ་དང་རང་བཙན་གྱི་གླེང་སློང་བསྐྱར་དུ་བྱུང་སོང་བསམ་གྱི་ཡོད།  དེར་བརྟེན་མ་འོངས་པར་གནད་དོན་འདིའི་ཐད་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་༼སྔོན་གླེང་༽དུ།  བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ྋགོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ། དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་ཞེས་གསལ་བ་དེ་བཞིན་རྩ་འཛིན་དུ་ངོས་འཛིན་དང་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ།  བོད་དང་བོད་མིའི་རྩ་དོན་རྩོད་པ་ལ་བོད་དོན་ཆབ་སྲིད་གོང་འཕེལ་དུ་གཏོང་དགོས་པ་ཧ་ཅང་གལ་ཆེན་མིན་ནམ་སྙམ།

རྒྱ་སྡེ་བོད་སྡེ། ཟི་བོད་ས་མཚམས།

གོང་དུ་ལམ་ཙམ་ཞུས་པ་བཞིན་༢༠༠༨/༡༠/༣༡ དང་། ༢༠༡༠/༠༡/༢༦ སོ་སོར་རྒྱ་གཞུང་ལ་ཕུལ་བའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་དོན་དང་འབྲེལ་ནས། ༢༠༡༠/༠༨/༢༧ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་རིན་མེད་འགྲེམས་སྤེལ་ཞུས་པའི་༼ཡབ་མེས་ཀྱི་དུར་ས་ནས་རྙེད་པའི་བོད་༽ཅེས་པའི་དེབ་ཏུ་གུས་པས།  ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་པའི་དོན་གྱིས།  རྒྱ་ནག་དམར་གཞུང་ལ་བོད་ཀྱི་བདག་དབང་ཡོད་པ་དེ་དོན་ཚན་བཅུ་བདུན་ནས་ངོས་ལེན་གྱིས་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། དོན་ཚན་བཅུ་བདུན་འཇོག་ཡུལ་བོད་(ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ།)ཀྱི་ས་ཁུལ་དེའི་ནང་མ་ཚུད་པར་བརྗོད་པའི་བོད་ཀྱི་ས་ཁུལ་དག་རང་བཞིན་གྱིས་རྒྱ་ཁོངས་ཡིན་པའམ་བོད་ཡུལ་དུ་ངོས་ལེན་མ་བྱས་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་།  རྒྱ་དཀར་ནག་གིས་བོད་ཀྱི་ལོ་རྒྱུས་ལ་བརྩི་བཀུར་ཁས་ལེན་བྱེད་ཀྱི་མེད་པས།  བོད་ཀྱིས་རྒྱ་དཀར་ནག་སུ་ལ་ཡང་ལོ་རྒྱུས་ཀྱི་བོད་དུམ་བུར་གཏོང་བའི་ཁས་ལེན་གང་ཡང་བྱེད་དགོས་དོན་མ་མཐོང༌བའི་སྐོར་ནན་བརྗོད་བྱས་ཡོད། དེ་ལྟར་བརྗོད་དོན་ཡང་རྒྱ་ནག་ལ་ཕུལ་བའི་ཡིག་ཆ་དེ་གཉིས་ཀྱི་ནང་དོན་དང་འབྲེལ་ནས་༼འབྲི་ཆུ་ཤར་ནུབ་བམ་རྒྱ་སྡེ་བོད་སྡེ་༽དང་།  ༼ཟི་བོད་ས་མཚམས་༽ཟེར་བའི་གནད་དོན་དེ་གླེང་སློང་ཡོང་རྒྱུ་ཡིན་པ་དང་། གླེང་སློང་འདིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མདོ་ཁམས་གཉིས་གཙོ་བོར་གྱུར་པའི་བོད་ཀྱི་ཡབ་མེས་ཚོས་ཚེ་སྲོག་བློས་གཏོང་གིས་སྲུང་སྐྱོབ་བྱེད་ཡུལ་བོད་ཀྱི་ཡབ་མེས་ཚོའི་དུར་ས་དེ་བོད་ཡུལ་ཡིན་པ་ལ་ཡིན་པར་ངོས་འཛིན་དགོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་དང་། ད་ལྟ་ཡང་ས་ཁུལ་དེ་དག་གི་བོད་མི་ཚོས་སོ་སོ་བོད་མི་ཡིན་པའི་ངོས་འཛིན་བྱེད་བཞིན་པའི་མི་མང་གི་ངོས་འཛིན་བཅས་ལ་ཕོག་ཐུག་འབྱུང་རྒྱུ་ཡིན་པ་དང་།  དེ་བཞིན་དེང་སྐབས་བོད་གཞིས་བྱེས་གཉིས་ནས་ཆིག་སྒྲིལ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་དོན་ངོ་མར་ཆིག་སྒྲིལ་དགོས་པའི་འབོད་ཚིག་ཞིག་ཏུ་འགྱུར་མིན་ཐུབ་ཀྱི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ།  མ་ཟད་དེང་མདོ་ཁམས་གཉིས་གཙོ་བོར་གྱུར་བའི་བོད་ནས་བཙན་པོའི་སྙིང་སྟོབས་སླར་གསོའི་ལས་དོན་ལ་བརྩོན་བཞིན་པའི་སྐབས་འདིར། བོད་ཀྱི་ལོ་རྒྱུས་དེ་གཞུང་དགའ་ལྡན་ཕོ་བྲང་གི་ལོ་ངོ་ཉིས་བརྒྱ་ཙམ་གྱི་དུས་ཡུན་ལ་གཞི་བཞག་ན་ཏག་ཏག་སྡོད་ཀྱི་ཨེ་ཡོད་ན་བསམས་པ་ཡིན། གང་ལྟར་ང་ཚོས་དོན་ཚན་བཅུ་བདུན་ཟེར་བ་དེ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་རིམ་པར་བཏང་བའི་རྩ་དོན་དེ་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་གནས་བབ་གང་འདྲ་ཞིག་ཏུ་ངེས་པར་མཐའ་འཁྱོངས་བྱེད་དགོས་པ་དེ།  བོད་མི་ནང་ཁུལ་ལ་༼རྒྱ་སྡེ་བོད་སྡེ་དང་། ཟི་བོད་ས་མཚམས་༽ཟེར་ནས་གླེང་སློང་བྱེད་མི་དགོས་པ་ཡོང་རྒྱུའི་རྩ་བའི་གལ་གནད་ཆགས་ཡོད་པ་བོད་མི་ཚང་མས་ངོས་འཛིན་གསལ་པོ་གནང་དགོས་པའི་དུས་ལ་བབ་སླེབས་འདུག་བསམ་གྱི་ཡོད།

མཐའ་དོན་མ་འོངས་འཐབ་རྩོད་བྱེད་ཕྱོགས།

དེར་བརྟེན་ད་ལྟ་ང་ཚོའི་མིག་མདུན་དུ་ལྷགས་ཡོད་པའི་དྲི་བ་ནི། ཇི་ལྟར་བྱས་ན་བོད་མི་རྣམས་བོད་ཀྱི་རྩ་དོན་རྩོད་ལེན་གྱི་འཐབ་རྩོད་ཐོག་ཆིག་སྒྲིལ་དང་།  དམིགས་ཡུལ་གཅིག་གི་ཐོག་ཡོང་ཐུབ་མིན་དེ་རེད།  དེ་ལ་བོད་དུ་ལྷགས་བཞིན་པའི་གནས་ཚུལ་ཁག་ཡོ་འཁྱོག་མེད་པར་རྒྱལ་སྤྱིའི་ཁྱོན་དུ་འགྲེལ་བརྗོད་བྱེད་རྒྱུ་ལས་དོན་བྱེད་ཕྱོགས་ཨང་དང་པོར་འཇོག་རྒྱུ་དང་། དབུ་མ་དང་རང་བཙན་འདོད་མཁན་ཁྱད་པར་མེད་པར་བོད་མི་ཚང་མར་དགོས་ངེས་པའི་གཞི་རྩའི་རང་དབང་༼ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་༽དང་། ༼གུ་ཡངས་མང་གཙོ་༽ ལྡན་པའི་བོད་ཡུལ་ཞིག་བོད་མིར་དགོས་པའི་རྩོད་གླེང་བྱེད་རྒྱུ་དེ་ཆགས་ཡོད། འདི་ནི་རྒྱལ་སྤྱི་དང་། རྒྱ་ནག  བོད་བཅས་ཕྱོགས་གསུམ་གྱི་དཀྱིལ་འཁོར་ནང་རྩོད་རིན་དང་གླེང་རིན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན།  དེ་མིན་ད་དུང་རྒྱ་གཞུང་ལ་ཕུལ་བའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་ཀྱི་ནང་དོན་དང་འབྲེལ་ནས།  ང་ཚོས་བོད་ནང་དུ་མང་གཙོའི་ལམ་ལུགས་ཤིག་བཙུགས་རྒྱུའི་ཆེད་དུ་རྩོད་ལེན་བྱེད་བཞིན་མེད་པར།  ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་ཡོད་པའི་ཐོབ་ཐང་རྩོད་བཞིན་ཡོད་པའི་གནས་ཚུལ་འདིས་དེང་སང་རྒྱལ་སྤྱིའི་དཀྱིལ་འཁོར་ནང་རྒྱ་གར་བ་ཚུད་པའི་བོད་མི་མ་ཡིན་པའི་མི་མང་པོ་ཞིག་གིས་གླེང་སློང་བྱེད་བཞིན་ཡོད་པ་སྣང་ཆུང་གཏོང་ཐུབ་པ་ཞིག་ཏུ་ལར་ནས་ངོས་འཛིན་བྱེད་མི་རུང་།

དེ་བས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་འགྲོ་བ་མི་རེ་རེ་བཞིན་ཡོད་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་།  གུ་ཡངས་མང་གཙོ་ལྡན་པའི་བོད་ཡུལ་ཞིག་བོད་མི་ཚོར་འཐོབ་ན།  དེ་ནི་དབུ་མ་དང་རང་བཙན་གྱི་འདོད་ཚུལ་འཛིན་པའི་བོད་མི་ཚང་མས་རྩོད་པ་མེད་པར་ངོས་ལེན་བྱེད་ཐུབ་པ་ཞིག་ཡིན། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལ་མཚོན་ན་འདི་ནི་རང་དབང་དང་།  དྲང་བདེན། ཞི་བདེ་བཅས་ཡོང་བའི་རྨང་གཞི་ཡིན་པར་རྒྱལ་སྤྱིས་ངོས་འཛིན་བྱས་ཡོད། དེ་ཡང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་བརྒྱུད་ནས་བོད་མི་རེ་རེ་ ནས་མིའི་ཆེ་མཐོང་དང་།  མིའི་རིན་ཐང་། འདྲ་མཉམ།  ཕོ་མོ་འདྲ་མཉམ།  ཤེས་ཡོན།  འཕྲོད་བསྟེན། སྨྲ་བརྗོད།  ཆོས་དད།  དཔལ་འབྱོར། སྤྱི་ཚོགས།  རིག་གཞུང་། མཁར་དབང་། འདོད་དབང་། མ་དང་བྱིས་པ་སོགས་ཀྱི་ཐད་འགན་སྲུང་གི་ཐོབ་ཐང་འཐོབ་རྒྱུ་ཡིན་སྟབས་བོད་མི་སེར་སྐྱ་ཚང་མར་དགོས་པའི་ཐོབ་ཐང་དེ་ཡིན་པ་གསལ་པོ་ཆགས་ཡོད།  མ་ཟད་རྩོད་ཕྱོགས་འདིས་དབུ་མ་དང་རང་བཙན།  རྒྱ་སྡེ་བོད་སྡེའམ་འབྲི་ཆུ་ཤར་ནུབ་དང་། ཟི་བོད་ས་མཚམས་སོགས་གང་ཡང་གླེང་མི་དགོས་པར། བོད་མི་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་པའི་མིའི་ཐོབ་ཐང་འཐོབ་ངེས་པའི་འཐབ་རྩོད་བྱེད་ཐུབ་པ་བྱུང་ན་དེ་གས་འགྲིག་བསྡད་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་བས་ང་ཚོས་རྒྱ་ནག་དང་རྒྱལ་སྤྱི་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་རྒྱུ་ཁོ་ན་མིན་པར།  ང་ཚོ་བོད་མི་ཚང་མ་གུ་ཡངས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་མཁན་གྱི་བོད་མི་ཞིག་ཏུ་ད་ལྟ་ནས་འགྱུར་ཐབས་ཇི་ཡོད་ལ་གཞུང་མང་གཉིས་ཀ་གོམས་ཁ་ངེས་པར་ཕྱོགས་དགོས་པ་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད།  དེ་མིན་གོང་དུ་རིམ་པར་བརྗོད་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས།  བོད་དང་བོད་མིའི་མ་འོངས་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་མི་ཐོག་གཅིག་གི་རིང་ཐག་གཅོད་ཡོང་རྒྱུའི་ལས་དོན་བྱེད་ཕྱོགས་འདི་གང་འདྲ་ཞིག་ཡིན་ནམ་སྙམ་ནས་བློ་འཚབ་ཧ་ཅང་ཆེན་པོ་ཡོང་གི་འདུག་ཅེས་བརྗོད་འདོད་བྱུང་། /

གྲོས་མཐུན་དོན་ཚན་བཅུ་བདུན་བཙན་དབང་འོག་འཇོག་དགོས་བྱུང་ནས། མི་ལོ་༦༣ ཧྲིལ་པོ་འཁོར་བའི་ཉིན་སྟེ། ༢༣/༠༥/༢༠༡༣ ལ།