༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གི་སྐུ་གདུང་ཞུགས་འབུལ།

1 penor rinpocheཕྱི་ཟླ་༥ ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་༸སྐྱབས་རྗེ་ཞི་བར་གཤེགས་པ་གྲུབ་དབང་པདྨ་ནོར་བུ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༧ ཉིན་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་དགོངས་པ་རྫོགས་ཡོད་ནའང་། རྣམ་གྲོལ་གླིང་གི་དགེ་འདུན་འདུས་མང་དང་། རྒྱལ་ཁབ་གང་སར་ཡོད་པའི་ཁོང་གི་དད་ལྡན་གྱི་སློབ་མ་དག་གིས་སྐུ་གདུང་རིན་པོ་ཆེ་དད་པ་དང་བྱིན་རླབས་ཀྱི་རྟེན་དུ་སྐུ་དམར་གདུང་དུ་བཞུགས་སུ་གསོལ་དགོས་པའི་རེ་སྐུལ་བྱུང་བ་བཞིན་དགོན་པའི་འབྲེལ་ཡོད་མཁན་སྤྲུལ་འགན་འཛིན་རྣམས་ཀྱིས་གྲོས་བསྡུར་གྱིས་ལོ་བཞི་ལྷག་གི་རིང་རྣམ་གྲོལ་གླིང་དགོན་པའི་ཟང་མདོག་དཔལ་རིའི་ལྷ་ཁང་དུ་སྐུ་དམར་གདུང་དུ་བཞུགས་སུ་གསོལ་ཡོད་པ་རེད།

pemanorbu_2013_5_23ཡིན་ནའང་། སྐྱབས་རྗེས་བྱ་བྲལ་རིན་པོ་ཆེ་དང་། ཐུབ་བཟང་རིན་པོ་ཆེ། ཀརྨ་སྐུ་ཆེན་སོགས་སྔ་འགྱུར་རྙིང་མ་པའི་སྐྱེས་ཆེན་དམ་པ་ཁག་གི་བཀའ་དགོས་བཞིན། ཕྱི་ཟླ་༥ ཚེས་ ༢༣ ཉིན་སྐུ་གདུང་ཞུགས་འབུལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་འབྲེལ། ཞོགས་པ་ཆུ་ཚོད་ ༨ པའི་ཐོག་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་སྐུ་གདུང་ཟང་མདོག་དཔའ་རིའི་ཕོ་བྲང་ནས་སྤོས་འདྲེན་དུང་རྒྱ་སོགས་མཆོད་རྫས་སྣ་ཚོགས་པ་དང་འབྲེལ་སེར་འཕྲེང་གིས་སྐུ་གདུང་ཞུགས་འབུལ་བྱ་ཡུལ་དུ་གདན་འདྲེན་ཞུས་གྲུབ་པ་དང་། སྔ་འགྱུར་རྙིང་པའི་དབུ་འཛིན་ཁྲི་རབས་ལྔ་བ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཏིལ་མགོ་མཁྱེན་རྩེ་རིན་པོ་ཆེའི་ཡང་སྤྲུལ། ཐུབ་བཟང་རིན་པོ་ཆེ། དབྱངས་ཐང་རིན་པོ་ཆེ་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱེས་ཆེན་དམ་པ་དང་། རིས་སུ་མ་ཆད་པའི་དགེ་འདུན་པ་ལྔ་སྟོང་བརྒལ་བ་ཞིག་གིས་དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་སོགས་ཀྱི་སྒོ་ནས་སྐུ་གདུང་བཞུགས་འབུས་ཞུས་སོང་།

སྐུ་གདུང་ཞུགས་འཞུལ་ཚོགས་ཆུང་གི་ཚོགས་གཞོན་མཁན་འཇིགས་མེད་སྐལ་བཟང་ལགས་ཀྱིས་གསུང་པ་ལྟར་ན། གྲུབ་དབང་པདྨ་ནོར་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གྲུབ་པ་དང་། སྐུའི་གདུང་ཐལ་དང་། གདུང་རུས། རིང་སྤྲེལ་སོགས་དད་པའི་རྟེན་དུ་གྲུབ་དབང་པདྨ་ནོར་རིན་པོ་ཆེ་མཆོག་གི་ཞལ་སློབ་དག་གནས་པའི་ས་ཕྱོགས་གང་སར་བཞུགས་སུ་གསོལ་རྒྱུ་ཡིན་པ་རེད་འདུག

pemanorbu1_2013_5_23གཞན་ཡང་གྲུབ་དབང་པདྨ་ནོར་བུ་མཆོག་གི་སྐུ་གདུང་ཞུགས་འབུལ་འདིའི་ཐོག་བོད་མིའི་སྒྲི་འཛུགས་ཀྱི་ཆོས་རིགས་བཀའ་བློན་པདྨ་ཆོས་འབྱོར་ལགས་གཞུང་འབྲེལ་ཀྱིས་ཕེབས་ཡོད་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་འདུག་ལ། ༸རྒྱལ་བ་ཀརྨ་པ་མཆོག་དང་། ༸ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཀྱི་སྐུ་ཚབ་དང་། འབྲུག་རྒྱལ་མོའི་སྐུ་ཚབ། འབྲས་ལྗོངས་གཞུང་དང་། སེ་ཁེམ་བཅས་ཀྱི་བློན་ཆེན་དང་། བལ་བོ་གཞུང་གི་ཆོས་དོན་དང་འབྲེལ་བའི་བློན་པོ་དང་དཔོན་རིགས་ལས་བྱེད་སོགས་འཛམ་གླིང་གང་ས་ནས་དད་ལྡན་སེར་སྐྱ་མི་མང་ཁྲི་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད་འདུག

གྲུབ་དབང་པདྨ་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༣༢ ལོར་ཁམས་སྤོ་བོའུ་ཡུལ་དུ་སྐུ་འཁྲུངས་པ་དང་། གྲུབ་དབང་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པའི་ཡང་སྲིད་དུ་ངོས་འཛིན་མཛད། ༡༩༣༦ ལོ་ནས་སློབ་སྦྱོང་གནང་འགོ་བཙུགས་པ་ནས་རིམ་བཞིན་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་ཐོས་བསམ་མཛད། ༡༩༥༢ ལོར་བསྙེན་པར་རྫོགས་པ་དང་། ༡༩༥༧ ལོ་ནས་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་འགོ་ཚུགས་ཤིང་། ༡༩༦༡ ལོར་སྐུ་འཁོར་དང་བཅས་པ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་བ་དང་།

pemanorbu2_2013_5_23༡༩༦༢ ལོ་ནས་ས་གནས་སུ་གཞི་རིམ་སློབ་གྲྭ་ཞིག་གསར་འཛུགས་མཛད་པ་ནས་རིམ་བཞིན་སྔ་འགྱུ་རྙིང་མ་པའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་། གྲྭ་ཚང་དང་། བཤད་གྲྭ སྒྲུབ་གྲྭ སློབ་གྲྭ བཙུན་མའི་དགོན་པ་སོགས་རྟེན་བརྟེན་པ་དང་བཅས་འཛུགས་སྐྲུན་མཛད་ཅིང་།  བོད་དང་ཧི་མ་ཡ། འབྲུག་རྒྱལ་རྒྱལ་སོགས་འཛམ་གླིང་ཤར་ནུབ་ཀུན་ཏུ་ནང་པ་སངས་རྒྱས་པའི་རབ་དུ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྟོང་ཕྲག་ ༨ ལྷག་སྐྱེད་བསྲིང་མཛད་ཅིང་། དེང་སྐབས་ཐེག་མཆོག་རྣམས་གྲོལ་གླིང་དུ་རྒྱུན་བཞུགས་གྲྭ་བཙུན་སྟོང་ཕྲག་ ༤ བརྒལ་བ་ཡོད་པ་དང་། དེ་མིན་འཕགས་ཡུལ་གྱི་དགོན་སྡེ་ཁག་དང་། ཝ་ར་རྣ་སི་སོགས་སློབ་གྲྭ་ཚད་ལྡན་མཐོ་སློབ་ཁག་ཏུ་སློབ་དཔོན་རྒེ་རྒན་སྟོང་ཕྲག་ལ་ཉེ་བ་མངག་གཏོང་བྱེད་བཞིན་ཡོད་པ་རེད།

གྲུབ་དབང་པ་ནོར་རིན་པོ་ཁོང་སྐུ་ཆུང་ངུའི་དུས་ནས་རྫོགས་པ་ཆེན་པོའི་ཡེས་ཤེས་ལ་མཉམ་པར་བཞགས་ནས་བཞུགས་མཁན་ཞིག་ཡིན་པ་དང་། དེ་ནས་ཡི་དམ་གྱི་ལྷ་ཡི་ཞལ་གཟིགས་པ་དང་། རྡོ་ལ་ཕྱག་དང་ཞབས་ཀྱི་རྗེས་བཞག་པ། སྲུང་བ་ལྕགས་ཀྱིས་མདུན་པ། དུང་དཀར་ལ་ལྗགས་མཆུལ་གྱིས་ཨ་ར་པ་ཙ་འབུར་དོད་དུ་བྲིས་པ། མི་མ་ཡིན་དབང་དུ་བསྡུས་པ། ལྷ་སྲིན་དམ་ལ་བདག་པ་སོགས་སྐུ་གསུང་ཐུགས་ཀྱི་གྲུབ་རྟགས་སྣ་ཚོགས་པ་སྟོན་མྱོང་བ་ཞིག་ཡིན་པ་པ་དང་། རྗེས་སུ་དགོངས་པ་རྫོགས་པའི་དུས་སུ་ཡང་ནམ་མཁར་འཇའ་ཤར་བ་དང་། སྐུའི་ཉེ་འཁོར་ཚང་མར་ཚུལ་ཁྲིམས་ཀྱི་དྲི་བཟང་གིས་ཁྱབ་པ། དགོན་པའི་ལྷ་སྐུ་ཚོའི་ཐུགས་སྐྱོ་བའི་རྣམ་པ་ཤར་།  ཐ་ན་རིན་པོ་ཆེའི་གཟིམ་ཁྱི་ཡང་རིན་པོ་ཆེ་དང་མཉམ་དུ་གྲོང་ནས་ཐུགས་དམ་ལ་བཞུགས་པ་སོགས་ངོ་མཚར་བའི་རྟགས་དང་མཚན་མང་པོ་ཞིག་དད་ལྡན་མི་མང་གིས་དངོས་སུ་མཐོང་ཡོད་པ་རེད་འདུག

མེ་སོར་གསར་འགོད་པས།