ཆབ་སྲིད་བཙོན་པ་དོན་འགྲུབ་བཙོན་གྲོལ་བཏང་འདུག
རྒྱ་ནག་གཞུང་གིས་སྔར་ལོ་བོད་ཨ་མདོ་འབའ་རྫོང་གི་ཞི་རྒོལ་སྐབས་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་དོན་འགྲུབ་གློད་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་། སྐབས་དེར་ནང་མི་མང་གིས་དགའ་བསུ་བྱས་ཡོད་འདུག
བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ། འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ལོ་ ༡ དང་ཟླ་བ་ ༢ གཉིས་ཀྱིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་འབའ་རྫོང་། དགོན་གོང་མའི་དཔའ་མཆོག་དཔོན་སྐོར་རུ་ཁག་དང་པོའི་དོན་འགྲུབ། འདི་ལོའི་ཟླ་ ༤ བའི་ཚེས་ ༡༡ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ལ་བཙོན་ཁང་དུ་ ལག་ལྕགས་བརྒྱབ་པ་དང་མནར་གཅོད་བཏང་བའི་དབང་གིས་ལག་པར་སྐྱོན་ཤོར་ཡོད་འདུག
སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་འབའ་རྫོང་གི་སེར་སྐྱ་གཉིས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་རྗེས། འབའ་ཤིང་ཁྲི་དགོན་པའི་གྲྭ་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་ས་གནས་སེར་སྐྱ་གཉིས་ཀྱིས་གྲྭ་པ་ཚོ་གློད་གྲོལ་གཏོང་དགོས་ཞེས་ཡང་བསྐྱར་སྐད་འབོད་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་མི་མང་ཁྲོད་འགད་རྫས་གཡུགས་པ་དང་གང་བྱུང་གཅར་རྡུང་བྱས་སྟབས། དོན་འགྲུབ་ལགས་གཙོས་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་སེམས་ཀྱི་མ་བཟོད་པར་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག ཕྱིས་སུ་རྒྱ་ནག་གཞུང་གཞུང་གིས་སྐབས་དེའི་ལས་འགུལ་གྱི་ཉེས་མིང་འོག་བོད་མི་མང་པོ་འཛིན་བཟུང་བྱས་པའི་ཁྲོད་ཀྱི་ཁག་ཅིག་གློད་གྲོལ་བཏང་ཡོད་ཀྱང་། དོན་འགྲུབ་ལ་ལོ་ ༡ དང་ཟླ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ནང་མིའི་འབྲེལ་ཡོད་ཁག་ལ་ཞུ་གཏུག་རིམ་པ་བྱས་རྗེས་ད་ལྟའི་བར་ས་གནས་རང་དུ་བཙོན་འཇུག་བཀག་ཉར་བྱས་འདུག
རང་ལོ་ ༣༠ ཡིན་པའི་ཆབ་སྲིད་བཙོན་པ་དོན་འགྲུབ་ཀྱི་ཕ་མིང་ལ་རིག་རྡོ་དང་། ཨ་མའི་མིང་ལ་མཁའ་འགྲོ་རྒྱལ་འབོད་ཀྱི་ཡོད་པ་དང་། ཁོང་གིེ་འཕྲུལ་རྟ་བཟོ་བཅོས་ཁང་ཞིག་སྒེར་གཉེར་གྱིས་ལས་ཀ་བྱེད་ཀྱི་ཡོད་འདུག ཟླ་སྔོན་མའི་ཕྱི་ཚེས་ ༡༡ ཉིན་ཁོང་བཙོན་གྲོལ་ཐོབ་སྟེ་ནང་མི་ཉེ་འབྲེལ་དང་ས་གནས་སྐྱ་སེར་གཉིས་ཀྱིས་ཕེབས་བསུ་དང་ཁ་བཏགས་སྒྲོན་འབུལ་བཅས་གནང་ཡོད་པ་མ་ཟད། ཁོང་གིས་ས་གནས་བོད་མི་ཚོར་བཙོན་ཁང་གི་བརྒྱུད་རིམ་དང་འབྲེལ་བའི་གཏམ་བཤད་ཀྱང་གནང་ཡོད་འདུག།