གཞོན་ལྷན་གྱི་ཚོགས་ཆེན་ཐོག་ནས་ཁག་ཅིག་ཕྱི་ལ་ཐོན་འདུག

ཕྱི་ཟླ་༥ ཚེས་༢༧ ཉིན་ནས་དྷ་ས་མེག་གྷན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ འཚོགས་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་དང་པོར་༧གོང་ས་མཆོག་གིས་སྔ་ཕྱིར་བཀའ་སློབ་གནང་བ་ཁག་དང་། གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་སྒྱུར་དགོས་མིན་སྐོར་ལ་ནང་ཁུལ་གྲོས་མོལ་བྱས་རྗེས།

གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྒྱུར་དགོས་པའི་བསམ་ཚུལ་འདོན་མཁན་བྱུང་ཡོད་ནའང་། ལངས་ཕྱོགས་ལ་འགྱུར་བ་གཏོང་མི་དགོས་པར་རང་བཙན་ལངས་ཕྱོགས་འཛིན་པར་བསམ་ཚུལ་མང་མོས་བྱུང་ཡོད་པ་རེད།

 

ཉིན་གཉིས་པར་དབུས་ས་གཉིས་ནས་ལས་བསྡོམས་སྒྲོགས་སྦྱང་གནང་བ་དང་། ཟླ་འདིའི་ཚེས་༢༩ ཉིན་གྱི་སྔ་དྲོ་མ་འོངས་པའི་ལས་དོན་བྱེད་ཕྱོགས་དང་། བོད་རང་བཙན་འཐབ་རྩོད་ཆེད་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་སྐབས། ཚོགས་པའི་ལངས་ཕྱོགས་དབུ་མའི་ལམ་དུ་སྒྱུར་དགོས་གསུང་མཁན་ཚོས་རང་བཙན་ལས་འགུལ་སྤེལ་ཕྱོགས་ལ་མོས་མཐུན་མ་གནང་བར་ཚོགས་མི་༣༠ ལྷག་ཚོགས་ཁང་གི་ཕྱི་ལོགས་སུ་སོང་ཡོད་པ་རེད། ཉིན་དེར་ཚོགས་འདུ་མུ་མཐུད་འཚོགས་ཡོད་ནའང། ཕྱི་ལོགས་སུ་འགྲོ་མཁན་ཚོ་ཚོགས་ཆེན་དུ་མཉམ་ཞུགས་བྱས་མེད་པ་དང་། གཞོན་ལྷན་གྱི་ལངས་ཕྱོགས་མ་བསྒྱུར་ན། ཁོང་ཚོ་གཞོན་ལྷན་གྱི་ཚོགས་མི་བྱེད་མི་ཐུབ་སྐོར་བརྗོད་ཀྱི་ཡོད་པ་རེད།

ཚོགས་ཆེན་འདིར་ས་གནས་ཁག་༤༠ ནས་ཚོགས་ཞུགས་པ་མི་གྲངས་༡༣༠ ལྷག་མཉམ་ཞུགས་བྱས་འདུག་པ་དང་། ཐེངས་འདིའི་ཚོགས་ཆེན་འདིའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས་དང་། དེ་བཞིན་གྲོས་ཆོད་ཁག་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།།